རྐང་འགྲུལ་འབད་མི་ཚུ་ ཀྲོང་གསར་རྫོང་གི་རྡོ་གཅལ་ནང་ བསུ་བ་འབད་བའི་བསྒང་།

ཤར་ནུབ་ཀྱི་ དང་ཕུའི་རྐང་ལམ་ ཉམས་བཅོས་འབད་ནི་ཨིནམ།

༉ ཤར་ནུབ་ཀྱི་ དང་ཕུའི་རྐང་ལམ་དེ་ ཉམས་བཅོས་འབད་ཞིནམ་ལས་ ཧེ་མ་བཟུམ་སྦེ་ བཟོ་ནིའི་དོན་ལུ་ བྷུ་ཊཱན་ཀེ་ན་ཌ་གཞི་ཚོགས་ཀྱིས་ འབྲུག་ལྟ་བཤལ་ཚོགས་སྡེ་དང་མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི་ཨིན་པས།
དེ་ཡང་ ཧཱ་དང་ བཀྲིས་སྒང་ལས་ ཀི་ལོ་མི་ཊར་༡༢༩.༥ དང་༢༤༠ རྐང་འགྲུལ་འབད་དེ་ ལམ་གྱི་གནས་སྟངས་བརྟག་ཞིབ་འབད་ཞིནམ་ལས་ ཉམས་བཅོས་འབད་དགོ་མི་ཚུ་ ལྟ་རྟོག་འབད་ནི་ཨིན་པས།
ད་ལྟོ་ ས་འཇལ་ནི་དང་ ཇི་པི་ཨེསི་བཙུགས་ནིའི་ ལཱ་མཇུག་བསྡུ་ཡོདཔ་ད་ ལས་འགུལ་ནང་ སྡེ་སྲུངཔ་དང་ ས་འཇལ་མི་ དེ་ལས་ ལས་འགུལ་གྱི་འཐུས་མི་ཚུ་ ཡོདཔ་ཨིན་པས།
རྐང་འགྲུལ་འབད་མི་ཚུ་ ཀྲོང་གསར་རྫོང་གི་རྡོ་གཅལ་ནང་ རྫོང་བདག་དང་ མི་སྡེ་འགོ་ཁྲིདཔ་ དེ་ལས་ ལས་སྡེའི་འགོ་དཔོན་ཚུ་གིས་ བསུ་བ་འབད་ཡི།
ལས་འགུལ་གྱི་མདོ་ཆེན་ བསོད་ནམས་རིན་ཆེན་གྱིས་ སླབ་མིའི་ནང་ ལས་འགུལ་གྱི་ དམིགས་གཏད་ངོ་མ་ར་ དང་ཕུའི་ རྐང་ལམ་དེ་ ཉམས་བཅོས་འབད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཀེ་ན་ཌ་ལས་ མི་ངོམ་ཅིག་གིས་ མ་དངུལ་བསྡུ་ཞིནམ་ལས་ ལས་འགུལ་དེ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ད་ དང་ཕུའི་རྐང་ལམ་ ལ་ལོ་ཅིག་ སྣུམ་འཁོར་ལམ་བཟོ་སྐྲུན་འབད་བའི་སྐབས་ དེ་ནང་ཚུད་ཡོདཔ་ལས་ ལམ་གསརཔ་བཏོན་དགོཔ་མ་ཚད་ ས་གནས་ལ་ལོ་ཅིག་ནང་ ཟམ་ཚུ་ཡང་ བཟོ་སྐྲུན་འབད་ནི་ཨིན་པས།
བསོད་ནམས་རིན་ཆེན་གྱིས་ སླབ་མིའི་ནང་ ད་རེས་ནངས་པར་ ན་གཞོན་ཚུ་གིས་ དང་ཕུའི་རྐང་ལམ་གྱི་སྐོར་ལས་ ཤེས་ནི་ཕར་བཞག་ རྣ་བ་ཡང་ མ་གོ་མི་འདུག་ཟེར་ཨིནམ་ད་ རྐང་ལམ་དེ་ བསལ་ཞིནམ་ལས་ མ་འོངས་པའི་ན་གཞོན་ཚུ་ལུ་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་བྱིན་འོང་ཟེར་ཨིན་པས།
ལས་འགུལ་དེ་ རྒྱལ་སྲུང་གི་ལས་རིམ་དང་ མཉམ་བསྡོམ་འབད་ནི་ཨིནམ་བཞིན་དུ་ རྒྱལ་སྲུང་གི་ལས་རིམ་ནང་ བཅའ་མར་གཏོགས་མི་ ན་གཞོན་ཚུ་ཡང་ རྐང་ལམ་དེ་ནང་ལས་ འགྲོ་འགྲུལ་འབད་བཅུག་ཞིནམ་ལས་ རང་བཞིན་གནས་སྟངས་ཀྱི་སྐོར་ལས་ ལྷབ་སྦྱང་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ལས་འགུལ་དེ་ལུ་བརྟེན་ ཕྱིའི་རྒྱལ་ཁབ་ནང་ལས་ རྐང་འགྲུལཔ་ཚུ་ འོང་ནིའི་གོ་སྐབས་ཡོདཔ་ལས་ ས་གནས་ཀྱི་མི་ཚུ་གི་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ཡང་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།
ལས་འགུལ་འགོ་འདྲེན་པ་ ཨིས་ཊེ་ཕན་ཀཱོནཅི་གིས་ སླབ་མིའི་ནང་ རྒྱལ་སྤྱི་ལས་ ལམ་འགྲུལ་འབད་ནི་ལུ་ དང་འདོད་ཡོད་མི་ཚུ་ འབྲུག་རྒྱལ་ཁབ་ནང་འོང་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
ལམ་འགྲུལཔ་ཚུ་འོང་པའི་སྐབས་ ཞག་སྡོད་ས་དང་ སྒར་བཅག་ས་ དེ་ལས་ སྐྱེལ་འདྲེན་གྱི་ཞབས་ཏོག་ཚུ་དགོཔ་ལས་ དེ་ལུ་བརྟེན་ མི་སྡེའི་དཔལ་འབྱོར་ གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཀྲོང་གསར་རྫོང་བདག་ བསྟན་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ ལས་འགུལ་དེ་ལུ་བརྟེན་ རང་བཞིན་མཐའ་འཁོར་ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ཁར་ མ་འོངས་པ་ལུ་ ས་གནས་ཚུ་གི་བར་ན་ མཉམ་འབྲེལ་དང་མཐུན་འབྲེལ་ གོང་འཕེལ་གཏང་ཚུགས་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *