མཁན་པོ་ཅིག་གིས་ ཤ་བདའ་མི་དང་ སེམས་ཅན་བསད་པའི་ སྡིག་པ་དང་ ལས་ཀྱི་རྣམ་སྨིན་སྐོར་ བཤད་བྱིན་པའི་བསྒང་།

ཤ་རོགསཔ་ཚུ་ རི་དྭགས་སེམས་ཅན་ ཉམས་སྲུངཔ་ལུ་བསྒྱུར་ཡོདཔ།

༉ པདྨ་དགའ་ཚལ་ནོར་བུ་སྒང་རྒེད་འོག་ནང་ བཟའ་ཚང་གི་ མིང་ཐོ་ཁར་ ས་ཞིང་མེད་མི་ལུ་བརྟེན་ བསྟན་པ་དེ་ མི་ཚེ་སྐྱོང་ནིའི་དོན་ལུ་ ཐབས་ར་མེད་པར་ གཅན་གཟན་སྟག་བདའ་མི་ ཤ་རོགསཔ་ཚ་དྲགས་ཅིག་སྦེ་ སྡོད་ཡོད་པའི་སྐོར་ལས་ ད་རེས་ ཁོ་གིས་ དྲན་ཚོར་འབདཝ་ཨིན་པས།
ནོར་བུ་སྒང་དེ་ རྒྱལ་ཡོངས་མ་ནཱསི་གླིང་གའི་ས་ཁོངས་ནང་ ཆ་ཤས་ཅིག་སྦེ་ ཚུད་དེ་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ གཅན་གཟན་སྟག་འཁྱམས་སའི་ ས་གོ་ངོ་མ་ཅིག་ཨིནམ་ལས་ མ་ནཱསི་གླིང་གའི་ འཛིན་སྐྱོང་པ་ཚུ་གིས་ ས་ཁོངས་དེ་ནང་ ད་རེས་ རབས་ཆད་ནིའི་ ཉེན་ཁ་ཡོད་མི་ སྟག་གི་གྱངས་ཁ་ མར་བབས་སོང་ཡོད་པའི་ ཤེས་རྟོགས་བྱུང་སྟེ་ཡོདཔ་ཨིན་པས།
གཅན་གཟན་སྟག་ཚུ་ ཉམས་སྲུང་འབད་ནིའི་དོན་ལས་ སྤྱི་ལོ་༢༠༡༨ ལུ་ ནོར་བུ་སྒང་ལུ་ རྒྱལ་སྤྱི་སེམས་ཅན་སྟག་གི་ཉིནམ་ཡང་ བརྩི་སྲུང་འབད་ཡོདཔ་ད་ དེ་བསྒང་ བསྟན་པ་བརྩིས་ཏེ་ སྟག་བདའ་མི་ ཤ་རོགསཔ་༢༠ དེ་ཅིག་གིས་ ཁས་བླངས་ཐོག་ལས་ ཁོང་རའི་མི་ཚེ་ནང་ ཤ་བདའ་ནི་ལས་ བཤོལ་བཞག་ཡོདཔ་ཨིན་པས།
ད་རེས་ནངས་པར་ ནོར་བུ་སྒང་ལུ་ གཅན་གཟན་སྟག་ཉམས་སྲུང་འབད་ནི་དེ་ ལེགས་ཤོམ་འགྱོ་དོ་ཡོདཔ་མ་ཚད་ ཤ་བདའ་ནི་ལས་ བཤོལ་བཞག་འབད་མིའི་ གྱངས་ཁ་ཡང་༣༣ ལུ་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།
རྒྱལ་ཡོངས་མ་ནཱསི་གླང་གའི་ གླིང་འཛིན་འགོ་དཔོན་ རྡོ་རྗེ་དབང་ཕྱུག་གིས་ ཤ་བདའ་ནི་ཚུ་ མཚམས་འཇོག་འབད་མི་དེ་ བརྡ་མཚོན་ལེགས་ཤོམ་ཅིག་ ཨིན་མས་ཟེར་ བཤད་པའི་ཁར་ གཅན་གཟན་ཚུ་ ཉམས་སྲུང་འབད་དགོཔ་ ཁག་ཆེ་བའི་སྐོར་ གོ་བརྡ་སྤྲོད་མི་དང་ མདོ་བསྔགས་བསྟན་པའི་གླིང་ལྷ་ཁང་གི་ མཁན་པོ་གིས་ ཆོས་དང་འབྲེལ་བའི་ལམ་སྟོན་གནང་མི་ དེ་ལས་ མ་ནཱསི་གླིང་ག་གིས་ འཚོ་སྐྱོང་འབད་ཐངས་ཀྱི་ ལས་རིམ་འགོ་འདྲེན་འཐབ་མི་ལུ་བརྟེན་ ཤ་རོགསཔ་ཚུ་གིས་ གདོང་ཁར་ཐོན་ཐོག་ལས་ ཤ་བདའ་ནི་ཚུ་ བཤོལ་བཞག་པ་མས་ཟེར་ཨིན་པས།
བསྟན་པ་གིས་ ཤ་བདའ་ནི་དེ་ བཤོལ་བཞག་ནི་སྦེ་ ཐག་བཏོག་པའི་སྐབས་ ཁོ་རའི་གནས་ཚང་དེ་ ཚ་གྱང་ལང་དགོཔ་ བྱུང་མི་དེ་ཡང་ བཟའ་ཚང་གི་ འཚོ་བའི་གནས་སྟངས་དེ་ ཤ་རོགསཔ་ལུ་ བརྟེན་སྡོད་ནི་དེ་གིས་ཨིན་པས།
རྒྱལ་ཡོངས་མ་ནཱསི་གླིང་ག་གིས་ འཚོ་སྐྱོང་ལས་རིམ་དེ་ ནོར་བུ་སྒང་རྒེད་འོག་གི་ སྤྱི་འོག་༤ ནང་ འགོ་འདྲེན་འཐབ་ད་ མི་སེར་ཚུ་གིས་ དོན་སྨིན་ཅན་སྦེ་ འབྲེལ་གཏོགས་འབད་ཡོདཔ་བཞིན་དུ་ ཉམས་སྲུང་དང་ མི་སྡེ་དཔལ་འབྱོར་གྱི་ ཁེ་ཕན་གྱི་སྐོར་ལས་ གོ་བརྡ་སྤྲོད་ཡོདཔ་ཨིན་པས།
གླིང་ག་གིས་ ཤ་བདའ་མི་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ཐབས་ལུ་ ཇར་སི་བ་༤ རིན་མེད་སྟོང་པ་སྦེ་ བྱིན་ཡོདཔ་ལས་ ད་རེས་ སྒོ་ནོར་གྱི་ ཐོན་སྐྱེད་ཚོང་འབྲེལ་འཐབ་ཐོག་ལས་ འོང་འབབ་བཟོ་དོ་ཡོདཔ་མ་ཚད་ ནོར་ཚུ་ཡང་ ཚལ་མ་ནང་ གཏང་ནི་ཡང་ མར་བབས་སོང་ནུག་ཟེར་ རྡོ་རྗེ་དབང་ཕྱུག་གིས་ བཤདཔ་ཨིན་པས།
དེ་མ་ཚད་ རི་དྭགས་སེམས་ཅན་ཚུ་གིས་ གྲོང་གཡུས་ཚུ་ནང་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་དེ་ཡང་ མར་བབས་སོང་ཡོདཔ་མ་ཚད་ རྒེད་འོག་ནང་ སྟག་ཕུད་རྡོག་གཅིག་ཡང་ ཤ་རོགསཔ་ཚུ་གིས་ བསད་ཡོད་པའི་ སྙན་ཞུ་མ་ལྷོདཔ་ལས་ བློ་བདེ་བའི་ གཞི་གནད་ཅིན་ཨིན་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
དུས་ཚོད་དང་བསྟུན་ ཆོས་དང་འབྲེལ་བའི་ ལས་རིམ་དེ་ གཡུས་སྒོ་ཚུ་ནང་ འགོ་འདྲེན་འཐབ་མི་དེ་ཡང་ ཤ་བདའ་རོགསཔ་ཚུ་གིས་ ཁས་བླང་འབད་མི་ཚུ་ དྲན་གསོ་འབད་ཐབས་ལུ་ཨིནམ་ད་ ས་ཁོངས་དེ་ནང་ སྐྱིད་གནས་ལྟེ་བ་ཅིག་ གཞི་བཙུགས་འབད་མི་ལུ་བརྟེན་ ཁོང་གིས་ རི་ཁྲོད་ལུ་ མཚམས་བཅད་སྦེ་ སྡོད་ནི་གི་ དང་འདོད་བསྐྱེདཔ་མས་ཟེར་ རྡོ་རྗེ་དབང་ཕྱུག་གིས་ བཤདཔ་ཨིན་པས།
གླིང་ག་གིས་ ཧེ་མར་ ཤ་རོགསཔ་ཚུ་གིས་ ཤ་བདའ་སའི་ ས་གོ་ཅིག་སྦེ་ ལག་ལེན་འཐབ་མི་ ཆུ་རྫིང་དང་ ཆུ་དོང་བརྐོ་སྟེ་ སྐམ་མི་ཚུ་ཡང་ བསྐྱར་བཟོ་དང་ རྒྱུན་སྐྱོང་འབད་ནིའི་ འཆར་གཞི་ཡོདཔ་ད་ རྡོ་རྗེ་དབང་ཕྱུག་གིས་འབད་བ་ཅིན་ ས་ཁོངས་དེ་ནང་ འཐུང་ཆུའི་དཀའ་ངལ་ སྦོམ་སྦེ་ར་ཡོདཔ་ལས་ ཆུ་དོང་ཚུ་ འཛིན་སྐྱོང་འབད་དེ་ རི་དྭགས་སེམས་ཅན་དང་ འགྲོ་བ་མི་གཉིས་ཆ་ར་ལུ་ ཆུ་རྒྱུན་ཆད་མེད་པར་ འཐོབ་ཚུགསཔ་ བཟོ་འོང་ཟེར་ཨིན་པས།
ཡུན་བརྟན་འཚོ་ཐབས་ལས་རིམ་དེ་ འབྲུག་མ་ནཱསི་ས་ཁོངས་ནང་ མ་འོངས་པའི་ གཅན་གཟན་སྟག་ཚུ་ ཉེས་སྲུང་འབད་ཐབས་ལུ་ རྒྱལ་སྤྱི་རང་བཞིན་གནས་སྟངས་ཉམས་སྲུང་ལས་སྡེ་གིས་ རྒྱབ་སྐྱོར་འབད་ཐོག་ལས་ མ་ནཱསི་གླིང་ག་དང་ དགེ་ལེགས་ཕུག་ལུ་ཡོད་མི་ འཛམ་གླིང་གཅན་གཟན་སྟག་ལྟེ་བ་གིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *