ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་ གཞི་བཙུགས་ཀྱི་ཉིནམ་༣༥ པ་བརྩི་སྲུང་།

༉ ཁ་ཙ་ ཐིམ་ཕུག་ལུ་ཡོད་མི་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ (སཱག) གོང་འཕེལ་མ་དངུལ་གྱིས་ སཱག་གཞི་བཙུགས་ཀྱི་ བཀའ་ཁྲིམས་ཉིནམ་ཐེངས་༣༥ པ་དེ་ བརྩི་སྲུང་འབད་ཡི།
ཉིནམ་བརྩི་སྲུང་འབད་མི་དེ་ཡང་ ལུང་ཕྱོགས་ནང་ རྒྱལ་རབས་དང་ གཅིག་མཐུན་དམིགས་ཡུལ་ དེ་ལས་ སཱག་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཚུ་གིས་ ཞི་བདེ་དང་ དཔལ་ཡོན་གྱི་དོན་ལུ་ ཕན་ཚུན་གྱི་ གོ་བརྡ་དང་ མཐུན་ལམ་མཉམ་འབྲེལ་ གོང་འཕེལ་གཏང་ནི་གི་ བརྩོན་ཤུགས་བསྐྱེད་མི་ཚུ་ ངོས་འཛིན་འབད་ཐབས་ལུ་ཨིན་པས།
ཁ་ཙ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུང་འཕྲིན་གནང་མིའི་ནང་ ད་རེས་ ང་བཅས་ཀྱིས་ སཱག་ཚོགས་པ་གཞི་བཙུགས་འབད་དེ་ ལོ་ངོ་བཅུ་ཕྲག་ཕྱེད་དང་བཞི་འཁོར་བའི་ དུས་སྟོན་བརྩི་སྲུང་ཞུཝ་དང་འབྲེལ་ ད་ཚུན་གྱི་བར་ན་ མཉམ་འབྲེལ་གྱི་ གནད་དོན་ཚུ་ནང་ གྲུབ་འབྲས་བཏོན་མི་ཚུ་ ཚོགས་པ་གཞི་བཙུགས་གནང་མི་ དབུ་ཁྲིད་ཚུ་ལུ་ གུས་བཏུད་ཞུ་ནི་དང་ དགའ་སྤྲོ་སྟོན་ནིའི་ དུས་ཚོད་ཅིག་ཨིན་ཟེར་བཀོད་ནུག།
ད་རུང་ ཚོགས་པའི་འཐུས་མི་ག་ར་གིས་ ལྷོ་ཨེ་ཤི་ཡ་ལུ་ ཞི་བདེ་དང་ དགའ་སྐྱིད་ དཔལ་ཡོན་ཚུ་ ལྷག་པར་དུ་ གོང་འཕེལ་གཏང་ནིའི་དོན་ལུ་ མཐུན་ལམ་དང་ མཉམ་འབྲེལ་རྩ་བརྟན་བཟོ་ནི་གི་ ཁས་བླངས་ནན་བསྐྱར་འབད་ནི་གི་ གོ་སྐབས་ཅིག་ཡང་ཨིན་ཟེར་ བློན་ཆེན་གྱིས་ བཀོད་གནང་ནུག།
བློན་ཆེན་གྱིས་འབད་བ་ཅིན་ འབྲུག་གི་ཧོངས་ལས་ སཱག་ཚོགས་པའི་བྱ་རིམ་ལུ་ རྒྱབ་སྐྱོར་ཡོད་པའི་ ཁས་ལེན་ཡང་བསྐྱར་ ཡོདཔ་མ་ཚད་ སཱག་བཀའ་ཁྲིམས་དང་ གསལ་བཀོད་འབད་མི་ དམིགས་ཡུལ་དང་ དམིགས་དོན་ཚུ་ འགྲུབ་ནིའི་དོན་ལས་ འཐུས་མི་རྒྱལ་ཁབ་ཆ་མཉམ་དང་ མཉམ་འབྲེལ་ཐོག་ འཕྲོ་མཐུད་དེ་ར་ ལཱ་འབད་ནི་གི་ ཁས་བླངས་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སཱག་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཚུ་གིས་ཡང་ སཱག་བཀའ་ཁྲིམས་ཀྱི་ཉིནམ་ལུ་ གསུང་འཕྲིན་གནང་ནུག།
ཁ་ཙ་ཐིམ་ཕུག་ལུ་ དུས་སྟོན་བརྩི་སྲུང་འབད་སར་ སྐུ་མགྲོན་གཙོ་བོ་ ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་ བྱོན་གནང་ཡོདཔ་ད་ ཤར་ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་དེ་ སྤྱི་ལོ་༡༩༨༥ ཟླ་༡༢ པའི་ཚེས་༨ ལུ་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ དབུ་ཁྲིད་ཞལ་འཛོམས་ འགོ་དང་པ་ འཚོགས་གནང་པའི་སྐབས་ རྒྱལ་ཁམས་དང་ ཡང་ཅིན་ གཞུང་གི་དབུ་ཁྲིད་ཚུ་གིས་ བཀའ་ཁྲིམས་དང་བཅསཔ་སྦེ་ གཞི་བཙུགས་གནང་ཡོདཔ་ཨིན་པས།
དེ་བསྒང་ འཐུས་མི་སྦེ་ སཱག་རྒྱལ་ཁབ་ བང་ལ་དེཤ་དང་ འབྲུག་ རྒྱ་གར་ མཱལ་ཌིབསི་ ནེ་པཱལ་ པ་ཀིསི་ཊཱན་ ཤྲཱི་ལངྐ་༧ ཡོད་རུང་ ཤུལ་ལས་ སྤྱི་ལོ་༢༠༠༧ ལུ་ ཨཱཕ་ག་ནིསི་ཊཱན་དེ་ འཐུས་མི་རྒྱལ་ཁབ་༨ པ་སྦེ་ འཛུལ་ཞུགས་འབད་ ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

བིམསི་ཊེག་གི་ ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོ་དེ་ ཁྲིམས་འགལ་མེནམ།

༉ གཞུང་གིས་ འབྲུག་མཉམ་རུབ་ཚོགས་པ་ གཞི་བཙུགས་འབད་མི་ བསྟན་འཛིན་ལེགས་འཕེལ་དེ་ བིམསི་ཊེག་གི་ ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོ་སྦེ་ ངོས་འཛིན་གྲུབ་མི་དེ་ ཁྲིམས་ལས་འགལ་བ་མེད་ཟེར་ཨིན་པས། དེ་ཡང་ ཁ་ཙ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ བརྡ་བརྒྱུདཔ་ཚུ་ལུ་ གསུངས་ཡོདཔ་ད་ …

Leave a Reply

Your email address will not be published. Required fields are marked *