ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་ཞལ་འཛོམས་ ནངས་པར་མཇུག་བསྡུ་ནི།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་༨ ནང་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ལམ་ལུགས་དང་ ཁྲིམས་འབྲེལ་གྱི་ལཱ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ བསྟར་སྤྱོད་འབད་ནིའི་ནང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ་ལས་ མི་དམངས་མཁོ་སྒྲུབ་ཞལ་འཛོམས་ཐེངས་༦ པ་དེ་ ཁྱད་རིག་མཁོ་སྒྲུབ་འབད་ནིའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ འཛམ་གླིང་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འབྲུག་གཞུང་གིས་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ད་ དེ་ནང་ རྒྱལ་ཁབ་༨ ལས་ འཐུས་མི་ངོ་ཚབ་ཚུ་གིས་ བཅའ་མར་གཏོགས་ཏེ་འདུག།
སཱག་གི་ཡོངས་ཁྱབ་དྲུང་ཆེན་ ཨམ་ཇད་ ཧུ་སེན་ བི་ ས་ཡེལ་གྱིས་ འགོ་འབྱེད་སྐབས་ བཤད་མིའི་ནང་ མི་དམངས་མཁོ་སྒྲུབ་དེ་ ལུང་ཕྱོགས་མཉམ་འབྲེལ་ནང་ ཁས་ལེན་འབད་བའི་ས་ཁོངས་ཅིག་ལུ་ འགྱུར་མ་ཚུགས་པར་ཡོད་རུང་ ལྷོ་ཨེ་ཤི་ཡཱན་རྒྱལ་ཁབ་ཚུ་ནང་ དཔལ་འབྱོར་ལུ་ ལྷན་ཐབས་འབད་དེ་ཡོདཔ་ལས་ ཞལ་འཛོམས་དེ་ གལ་ཆེ་ཟེར་ཨིན་པས།
མི་དམངས་མཁོ་སྒྲུབ་ལུ་བརྟེན་ གཞུང་གི་ཟད་འགྲོ་འབོར་ཆེ་ཏོག་ཏོ་སྦེ་ར་ གནས་དོ་ཡོད་པའི་ཁར་ ལྷོ་ཨེ་ཤི་ཡ་རྒྱལ་ཁབ་ཚུ་གིས་ ཞབས་ཏོག་དང་ ཅ་ཆས་ཚུ་གི་དོན་ལུ་ ཡུ་ཨེསི་ཌོ་ལར་འཐེར་འབུམ་༥༥༠ དེ་ཅིག་ མི་དམངས་མཁོ་སྒྲུབ་ཀྱི་དོན་ལུ་ ཟད་འགྲོ་བཏང་ཡོདཔ་ཨིན་པས།
དེ་གི་ནང་ལས་ རྒྱ་གར་གྱིས་ རྒྱལ་ཁབ་ཀྱི་ནང་འཁོད་འོང་འབབ་ལས་ བརྒྱ་ཆ་༢༠ དེ་ཅིག་ མཁོ་སྒྲུབ་དོན་ལུ་ ཟད་འགྲོ་བཏང་མི་དེ་ འཛམ་གླིང་ནང་ མཐོ་ཤོས་འོང་ནི་ཨིན་པས།
ཞལ་འཛོམས་དེ་གིས་ མི་དམངས་མཁོ་སྒྲུབ་འབད་ནིའི་ནང་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ ལམ་ལུགས་གོང་འཕེལ་གཏང་ཚུགས་པའི་ ཁེ་ཕན་འོང་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤད་ཅི།
ཡོངས་ཁྱབ་དྲུང་ཆེན་གྱིས་ ལུང་ཕྱོགས་ནང་ མི་དམངས་མཁོ་སྒྲུབ་ནང་ ཟད་འགྲོ་རྒྱ་ཆེ་དྲགས་སྦེ་ བཏང་མི་ལུ་བརྟེན་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ ལཱ་འགན་འབག་མི་ ལུང་ཕྱོགས་གྲོས་གནས་ཅིག་ དགོཔ་འདུག་ཟེར་བཤད་ཡོདཔ་ད་ དེ་གི་དོན་ལུ་ བློན་པོའི་ཚོགས་སྡེ་ལས་ གནང་བ་དགོ་ནི་ཨིན་རུང་ མ་ཐོབ་ཚུན་ སཱག་དྲུང་ཆེན་ཡིག་ཚང་གིས་ མཉམ་འབྲེལ་འབད་རུང་ བཏུབ་ནི་མས་ཟེར་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ མི་དམངས་མཁོ་སྒྲུབ་དེ་ ཞབས་ཏོག་ལེགས་ཤོམ་དང་ དཔལ་འབྱོར་ཡུན་བརྟན་གོང་འཕེལ་གཏང་ནིའི་ནང་ གལ་ཆེ་ཟེར་ཨིནམ་ད་ འོང་འབབ་ཆུང་བའི་རྒྱལ་ཁབ་ཚུ་ནང་ མི་དམངས་མཁོ་སྒྲུབ་ཀྱི་ཟད་འགྲོ་དེ་ ནང་འཁོད་འོང་འབབ་ལས་ བརྒྱ་ཆ་༡༥ དེ་ཅིག་ བཏང་ནུག་ཟེར་བཤད་ཡོདཔ་ཨིན་པས།
འབྲུག་གཞུང་གིས་ཡང་ མཁོ་སྒྲུབ་ལག་དེབ་༡༩༨༨ ཅན་མ་དེ་ ཁྲིམས་དེབ་བཟུམ་ཅིག་སྦེ་ བཟོ་སྟེ་ཡོད་པའི་ཁར་ སྤྱི་ལོ་༢༠༠༩ ལུ་ བསྐྱར་ཞིབ་འབད་ཡི་ཟེར་ བཤད་ཡོདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ གཞུང་གིས་ འཕྲལ་ཁམས་ཅིག་ཁར་ལས་ སྐྱེལ་འདྲེན་གྱི་ཟད་འགྲོ་ མར་ཕབ་འབད་ནིའི་དོན་ལུ་ འཕྲུལ་རིག་ཐོག་ལས་ མཁོ་སྒྲུབ་འབད་ནིའི་ ལམ་ལུགས་ཅིག་ གཞི་བཙུགས་འབད་དེ་ཡོད་་རུང་ མཁོ་སྒྲུབ་དོན་ལུ་ ཡོངས་རྫོགས་ཀྱི་ཁྲིམས་མེདཔ་ལས་ གདོང་ལེན་སྦོམ་ཡོད་ཟེར་ བཤད་ཅི།
ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ མཁོ་སྒྲུབ་དང་འབྲེལ་བའི་གཙུག་སྡེ་ གཞི་བཙུགས་འབད་ཡོད་མི་ཚུ་གིས་ འབྲེལ་བ་བཟོ་སྟེ་ ཉམས་མྱོང་ཚུ་ བརྗེ་སོར་འབད་བའི་ རེ་བ་ཡོད་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
འཛམ་གླིང་དངུལ་ཁང་གི་ མཁོ་སྒྲུབ་ཐབས་རིག་དང་ཐབས་ལམ་མདོ་ཆེན་ ཝི་ནེ་ཤར་མ་གིས་ མཁོ་སྒྲུབ་ནང་ ལྕོགས་གྲུབ་དང་ ཚགས་ཁར་མ་ཚུད་པར་ མ་དངུལ་འཕྲོ་བརླག་བཏང་མི་དེ་ ངན་ལྷད་ཐོག་ལས་འབད་མི་བ་ མཐོ་ནི་མས་ཟེར་ ཨིན་པས།
མདོ་ཆེན་གྱིས་སླབ་མིའི་ནང་ མི་སྟོབས་གོང་འཕེལ་གཏང་ནི་དེ་ཡང་ རྒྱལ་ཁབ་མང་ཤོས་ནང་ གདོང་ལེན་ཅན་སྦེ་ ཡོད་ཟེར་ཨིནམ་ད་ མཁོ་སྒྲུབ་ནང་ སྦྱོང་བརྡར་བྱིན་མི་ཚུ་གིས་ཡང་ ཡུན་རིངམོ་སྦེ་ ལཱ་འབད་མ་བཏུབ་པའི་ དཀའ་ངལ་ཡང་ཡོད་ཟེར་ཨིན་པས།
ཉིནམ་༣ གྱི་ཞལ་འཛོམས་ནང་ རྒྱལ་ཁབ་༨ ཀྱི་ངོ་ཚབ་ཚུ་གིས་ མཁོ་སྒྲུབ་དང་འབྲེལ་བའི་ ལཱ་གི་ཉམས་མྱོང་ཡོད་མི་ཚུ་གིས་ རང་སོའི་རྒྱལ་ཁབ་ཀྱི་ གནས་སྟངས་དང་ཉམས་མྱོང་ཚུ་ བརྗེ་སོར་འབད་དེ་ གསལ་བཤད་ཚུ་འབད་ནི་ཨིན་པས།
ཞལ་འཛོམས་ནང་ ལྷོ་ཨེ་ཤི་ཡཱན་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་དང་ འཛམ་གླིང་དངུལ་ཁང་གིས་ ལྷོ་ཨེ་ཤི་ཡ་མཁོ་སྒྲུབ་ཐབས་རིག་དང་ ལག་ལེན་དྲག་ཤོས་ཀྱི་གསོལ་རས་ཡང་ བྱིན་ནི་ཨིནམ་ད་ ཞལ་འཛོམས་དེ་ ནངས་པར་མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *