ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ ཆུམ་མ་ལང་པའི་དཀའ་ངལ།

༉ མཁས་མཆོག་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཚོད་ཁར་ ཐབས་ཤེས་མ་བཏོན་པ་ཅིན་ འཛམ་གླིང་གི་ མི་འབོར་ལས་ བརྒྱ་ཆ་༢༥ ཡོད་མི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ རྒྱལ་སྤྱི་དཔལ་འབྱོར་བརྒྱ་ཆ་༣.༨ དེ་ཅིག་ལུ་ ཆུམ་མ་ལང་པའི་དཀའ་ངལ་ འཐོན་འོང་ཟེར་ཨིན་པས།
བང་ལ་དེཤ་དང་ འབྲུག་ དེ་ལས་ ནེ་པཱལ་རྒྱལ་ཁབ་ནང་ རྒྱལ་སྤྱི་ཆུམ་ཞིབ་འཚོལ་གཙུག་སྡེའི་ ཚན་རིགཔ་དང་མཁས་མཆོག་ཚུ་གིས་ རེད་ཐོན་སྐྱེད་འབད་ནིའི་ ཐབས་ལམ་ཚུ་མ་བཏོན་པ་ཅིན་ ལྷོ་ཨེ་ཤི་ལུང་ཕྱོགས་ནང་རྐྱངམ་གཅིག་མེན་པར་ རྒྱལ་སྤྱིའི་གནས་ཚད་ནང་ ཆུམ་མ་ལང་པའི་དཀའ་ངལ་ འཐོན་ནི་ཨིན་པའི་ བརྡ་མཚོན་སྟོན་ཡོདཔ་ཨིན་པས།
མཁས་མཆོག་ཚུ་གིས་ ལུང་ཕྱོགས་ནང་ འཚོ་བའི་དོན་ལུ་ གཙོ་ཆེ་ཤོས་ཅིག་ཨིན་མི་ ཆུམ་གྱི་ཐོན་སྐྱེད་ཡར་དྲག་གཏང་ཐབས་ལུ་ གྲོས་བསྟུན་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
སོ་ནམ་མཁས་མཆོག་ ཏ་ཡཱན་ཨར་ གུ་རུང་གིས་བཤད་མིའི་ནང་ ལུང་ཕྱོགས་ནང་ འཛམ་གླིང་གི་འབྱ་བརྒྱ་ཆ་༣༡ དང་ ཀར་བརྒྱ་ཆ་༡༨ འཛུགས་སྐྱོང་འབད་དེ་ཡོད་རུང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ འཚོ་བ་ཡུན་བརྟན་གྱི་དོན་ལུ་ རེད་དེ་ར་ གཙོ་ཆེ་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ རྒྱལ་སྤྱི་ནང་ འཚོ་བ་ཡུན་བརྟན་བཞག་ཐབས་དང་ ཆུམ་གྱི་མཁོ་འདོད་བཀོད་མི་ཚུ་ ཡར་སེང་འགྱོཝ་ད་ ཐོན་སྐྱེད་དེ་ཡང་ སྤྱི་ལོ་༢༠༣༥ ལས་ བརྒྱ་ཆ་༢༦ ཡར་སེང་འབད་དགོཔ་འདུག་ཟེར་ཨིནམ་ད་ འཛམ་གླིང་སྤྱི་ཚོགས་ཀྱིས་ཡང་ ལུང་ཕྱོགས་ནང་ སྤྱི་ལོ་༢༠༥༠ ལས་ མི་རློབས་ལོག་ལྟབ་སྦེ་ ཡར་སེང་ཐོག་ མི་རློབས་ཐེར་འབུམ་༢ དང་༢.༦༨ དེ་ཅིག་ལུ་ལྷོདཔ་ད་ ཆུམ་ལོག་ལྟབ་སྦེ་ ཐོན་སྐྱེད་འབད་ནིའི་ དམིགས་གཏད་ཡོད་ཟེར་ ཁོ་གིས་བཤདཔ་ཨིན་པས།
ཨིན་རུང་ མཁས་མཆོག་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རེད་ཐོན་སྐྱེད་འབད་ནི་ལུ་ ཞིང་ཆུ་དང་ ལས་མི་ལ་སོགས་པའི་དཀའ་ངལ་ལུ་བརྟེན་ ཐོན་སྐྱེད་འབད་ནི་ལུ་ གདོང་ལེན་སྦོམ་ཐོན་ཏེ་ཡོད་ཟེར་ཨིནམ་ད་ རང་བཞིན་གནས་སྟངས་དང་འབྲེལ་བའི་ ཆུ་རུད་དང་ ས་རུད་ དེ་ལས་ གནམ་གཤིས་འགྱུར་བགྲོད་ཀྱི་གདོང་ལེན་ཚུ་ ཐོན་ཏེ་ཡོད་ཟེར་ཨིན་པས།
བང་ལ་དེཤ་གཞུང་གི་ངོ་ཚབ་ དགེ་བཤེས་ཧུམ་ནཱཏ་ བཱ་ད་རི་གིས་ སླབ་མིའི་ནང་ ལྷོ་ཨེ་ཤི་ཡ་ལུ་ ལོ་བསྟར་བཞིན་དུ་ མི་རློབས་ས་ཡ་༡༩ རེ་ ཡར་སེང་འགྱོ་ནིའི་དམིགས་གཏད་ཡོད་ཟེར་ཨིནམ་ད་ དཔེར་ན་ ནེ་པཱལ་ལུ་འབད་བ་ཅིན་ ཆུམ་གྱི་ཐོན་སྐྱེད་དེ་ སྲིད་དོན་གནས་སྟངས་དང་འཁྲིལ་ འགྱོ་དོ་ཡོདཔ་ལས་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དཔལ་འབྱོར་གྱི་གོ་སྐབས་མང་སུ་ ཐོན་མི་དང་བསྟུན་ ཆུམ་གྱི་ཐོན་སྐྱེད་ལས་ སྤུས་ཚད་ཅན་དགོ་མི་ཡང་ མང་སུ་འཐོན་འོང་ཟེར་ཨིནམ་ད་ ལུང་ཕྱོགས་ནང་ དཔལ་འབྱོར་བརྒྱ་ཆ་༡༥ ཡར་སེང་སོང་ཡོད་རུང་ མི་ཚུ་དབུལ་ཕོངས་ཀྱི་དཀའ་ངལ་ནང་ ཡོད་ཟེརཨིན་པས།
གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མིའི་གྱངས་ཁ་ ཡར་སེང་འགྱོ་མི་དང་ དེ་གི་ནང་ལས་ མི་རློབས་མང་ཤོས་ར་ ན་གཞོན་ཚུ་ཡོདཔ་ལས་ དེ་གིས་ ལས་མི་མ་འཐོབ་པའི་དཀའ་ངལ་ལུ་ ལྷན་ཐབས་འབདཝ་མས་ཟེར་ཨིན་པས།
ཧུམ་ནཱཏ་ བཱ་ད་རི་གིས་འབད་བ་ཅིན་ སྤྱི་ལོ་༡༩༦༠ ལས་ཚུར་ རེད་འཛུགས་སྐྱོང་འབད་མིའི་ ས་ཆ་ཧེག་ཊར་ས་ཡ་༥༠ སྦེ་ར་ཡོད་རུང་ ཐོན་སྐྱེད་དེ་ མེ་ཊིག་ཊཱོན་ས་ཡ་༡༠༠ ལས་ སྤྱི་ལོ་༢༠༡༧ ལུ་ མེ་ཊིག་ཊཱོན་༢༥༠ དེ་ཅིག་ལུ་ ཡར་སེང་སོང་སྟེ་འདུག་ཟེར་ཨིན་པས།
ཐོན་སྐྱེད་ཡར་སེང་འགྱོ་མི་དེ་ཡང་ གཙོ་བོ་ར་ ཆུམ་གྱི་སྐོར་ལས་ ཞིབ་འཚོལ་འབད་ནིའི་ནང་ ཟད་འགྲོ་བཏང་མི་ལུ་བརྟེན་ཨིན་རུང་ ཐོན་སྐྱེད་ཀྱི་སྤུས་ཚད་ དེ་ཅིག་ར་མེདཔ་ལས་ ཐོན་སྐྱེད་དེ་ དེ་ཅིག་སྦེ་ར་ ལུས་ཏེ་འདུག་ཟེར་ཨིན་པས།
ལྷོ་ཨེ་ཤི་ཡའི་དཔལ་འབྱོར་དེ་ འགྱུར་བ་འགྱོ་དོ་ཡོདཔ་ལས་ ཆུམ་གྱི་ལས་སྡེ་ནང་ཡང་ ཐོན་སྐྱེད་ཡར་སེང་འགྱོ་དོ་ཡོདཔ་ད་ འབྲུག་ལུ་འབད་བ་ཅིན་ ཆུམ་གྱི་ལང་ཚད་དེ་ གདོང་ལེན་ཅན་སྦེ་ར་ ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ད་ལྟོའི་གནས་སྟངས་ནང་འབད་བ་ཅིན་ ཆུམ་གྱི་ལང་ཚད་དེ་ བརྒྱ་ཆ་༤༧ དེ་ཅིག་ལས་མེད་པའི་ཁར་ འབྲུག་མི་ཚུ་གི་བཞེས་སྒོ་ནང་ བརྒྱ་ཆ་༥༣ དེ་ ཆུམ་ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
འབྲུག་མི་ཚུ་གིས་ ས་ཆ་ཨེ་ཀར་རེ་ལས་ ཆུམ་མེ་ཊིག་ཊཱོན་༥༣,༠༥༥ ཐོན་སྐྱེད་འབད་མི་ལས་ མེ་ཊིག་ཊཱོན་༨༥,༠༩༠ ལུ་ ཡར་སེང་སོང་ཡོདཔ་ད་ འབྲུག་པའི་མཁས་མཆོག་ཚུ་གིས་ཡང་ ལུང་ཕྱོགས་ནང་ ཆུམ་དང་འབྲེལ་བའི་གདོང་ལེན་དེ་ ཅོག་འཐདཔ་སྦེ་ར་ ཡོདཔ་སྦེ་ བཤད་ནི་འདུག།
བ་འཇོ་ལུ་ཡོད་མི་ སོ་ནམ་གོང་འཕེལ་དང་ཞིབ་འཚོལ་ལས་ཁུངས་ལས་ ཆུམ་གྱི་མཁས་མཆོག་ མ་ཧིཤ་ གི་མི་རི་གིས་ སླབ་མིའི་ནང་ འབྲུག་ལུ་དཀའ་ངལ་སྦོམ་ཤོས་དེ་ར་ ཐོན་སྐྱེད་ཉུང་མི་དེ་ཨིན་ཟེར་ཨིན་པས།
ས་ཆ་སྤྱོད་བཏུབ་མི་ བརྒྱ་ཆ་༢༨ རྐྱངམ་གཅིག་ རེད་འཛུགས་སྐྱོང་གི་དོན་ལུ་ ལག་ལེན་འཐབ་སྟེ་ཡོདཔ་ད་ ང་བཅས་རྒྱལ་ཁབ་ནང་ ནགས་ཚལ་རྒྱ་ཆེ་དྲགས་སྦེ་ཡོདཔ་ལས་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལཝ་མས་ཟེར་ ཁོ་གིས་བཤད་པའི་ཁར་ གདོང་ལེན་གཞན་མི་དེ་ སོ་ནམ་པ་ཚུ་ལུ་ སོ་ནམ་དང་འབྲེལ་བའི་ ཐབས་ཤེས་སོ་སོར་མེད་མི་དེ་ཨིན་པས།
ཆུམ་གྱི་ཐོན་སྐྱེད་ ཡར་སེང་འབད་ནིའི་དོན་ལུ་ སོ་ནམ་པ་ཚུ་ལུ་ ཐོན་སྐྱེད་དང་ཞིབ་འཚོལ་བར་ན་ ཁྱད་པར་ཡོད་མི་དེ་ མར་ཕབ་འབད་ནི་དེ་ཨིན་པའི་ཁར་ ན་གཞོན་ཚུ་གིས་ཡང་ སོ་ནམ་ལཱ་ནང་ དང་འདོད་བསྐྱེད་བཅུག་ཐབས་ལུ་ འཕྲུལ་རིག་ཐོག་ལས་ ལཱ་འབད་ཐབས་བཟོ་ནི་དེ་ཨིན་པས།
ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ ས་ཆ་ཧེག་ཊར་ས་ཡ་༢༧༠ དེ་ཅིག་ནང་ ལྕང་ལཱ་རྐྱབ་དོ་ཡོད་མི་དེ་ ལུང་ཕྱོགས་ནང་ བརྒྱ་ཆ་ལས་བཅད་པ་ཅིན་༥༨ ཀྱི་རྩིས་ཨིན་པས།
ལུང་ཕྱོགས་ནང་ མི་རློབས་བརྒྱ་ཆ་༣༣.༥ དེ་ཅིག་ ཟད་བཅུད་མ་འཐོབ་པར་ཡོད་མིའི་ནང་ སྐྱེས་ལོ་༥ འོག་རྒྱུ་འབད་མི་ ཨ་ལོ་བརྒྱ་ཆ་༥༠ དེ་ཅིག་ཡོདཔ་ཨིན་པས།
མཁས་མཆོག་ཚུ་གིས་ རེད་སོན་སྤུས་ཚད་ཅན་ཚུ་ ལག་ལེན་འཐབ་དགོ་པའི་ གྲོས་འདེབས་འབད་ཡོད་པའི་ཁར་ ཆུ་ཞིང་གི་གཡུར་བ་དང་ ཆུ་འཛིན་སྐྱོང་དང་འབྲེལ་བའི་ ཐབས་ལམ་གཞན་ཚུ་ གོང་འཕེལ་གཏང་དགོཔ་སྦེ་ཨིནམ་ད་ སའི་བཅུད་ཡར་དྲག་གཏང་ཐབས་དང་ ནད་འབུབ་འཛིན་སྐྱོང་ཚུ་ ལེགས་ཤོམ་སྦེ་ འཐབ་དགོ་པའི་ གྲོས་འདེབས་འབད་ཡོདཔ་ཨིན་པས།
བང་ལ་དེཤ་ལས་ཨིན་མི་ མཁས་མཆོག་ཅིག་གིས་ བཤད་མིའི་ནང་ ཞིབ་འཚོལ་འབད་མི་ཚུའི་བར་ན་ ཐབས་ལམ་ཚུ་ བརྗེ་སོར་འབད་བ་ཅིན་ ཐོན་སྐྱེད་ཡར་སེང་འབད་ནི་ལུ་ ལྷན་ཐབས་འབད་འོང་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འབྲུག་ཀུན་མཉམ་ཚོགས་པ་གིས་ འདེམས་ངོ་༢ ངོ་སྤྲོད་འབད་ཡོདཔ།

༉ འབྲུག་ཀུན་མཉམ་ཚོགས་པའི གཙོ་འཛིན་གྱིས་ ཤར་ཕྱོགས་རྫོང་ཁག་ནང་ ལྟ་སྐོར་འགྱོཝ་དང་འབྲེལ་ འདེམས་ངོ་གསརཔ་༢ ངོ་སྤྲོད་འབད་ཡོདཔ་ཨིན་པས། ཚོགས་པ་གིས་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ མོང་སྒར་ལུ་ ཚོགས་པའི་ཡིག་ཚང་ འགོ་འབྱེད་འབདཝ་དང་འབྲེལ་ བསོད་ནམས་མཆོད་རྟེན་དེ་ …

Leave a Reply

Your email address will not be published. Required fields are marked *