ལྷུན་རྩེ་ བཙན་མཁར་རྒེད་འོག་ནང་ཡོད་མི་ རྡོ་གཞོང་དགོན་པའི་རྒྱབ་ཁུངས།

༉ རྡོ་གཞོང་དགོན་པ་དེ་ ལྷུན་རྩེ་རྫོང་ཁག་ བཙན་མཁར་རྒེད་འོག་ སྒོར་གཱན་ཁྲོམ་གྱི་ལྟག་ལུ་ སྟོང་ཕུག་ཤིང་གི་སྦུག་ནང་ མཛེས་ཆ་དང་ལྡན་ཏོག་ཏོ་སྦེ་ ཆགས་ཏེ་འདུག།
ཤར་ཕྱོགས་ལུང་ཕྱོགས་ཀྱི་ བླ་བགྲེས་དང་ དགེ་སློང་སྐུ་བགྲེས་ཚུ་གི་ བཞུགས་གནས་སྦེ་རྐྱབ་ཡོད་མི་ དགོན་པའི་བཟོ་སྐྲུན་གྱི་ལཱ་ཚུ་ སྤྱི་ལོ་༢༠༡༥ ལུ་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་༢༠༡༨ ཀྱི་ཟླཝ་༧ པའི་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་མཆོག་གིས་ བཀྲིས་རབ་གནས་དང་བཅསཔ་སྦེ་ འགོ་འབྱེད་མཛད་གནང་ནུག།
ལྷུན་རྩེ་རྫོང་ཁག་ བཙན་མཁར་རྒེད་འོག་ནང་ འབྲུག་གཞུང་གིས་ ཟད་འགྲོ་བཏང་ཐོག་ལས་ བཟོ་སྐྲུན་འབད་མི་ རྡོ་གཞོང་དགོན་པ་དེ་ གཞི་བཙུགས་འབད་ཞིནམ་ལས་ ལོ་ཕྱེད་དང་༢ ལྷགཔ་ཅིག་གི་ནང་འཁོད་ལུ་ ད་ཚུན་ དགོན་པ་ནང་ བཞུགས་གནས་མེད་པའི་ བླ་རྒན་དང་དགེ་སློང་ཚུ་ ཕུད་རྡོག་༡ ཡང་མ་ཐོན་རུང་ དགེ་འདུན་གྱི་སྡེ་༡ བཙུགས་ཡོདཔ་ཨིན་པས།
ད་རེས་ནངས་པར་ རྡོ་གཞོང་དགོན་པ་ལུ་ བླམ་གིས་གཙོས་པའི་ སློབ་དཔོན་དང་ སྤ་རོ་དང་ ཧཱ་ སྤུ་ན་ཁ་ ཆུ་ཁ་ གསར་སྤང་ བསམ་རྩེ་ གཞལམ་སྒང་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་ཚུ་ནང་ལས་ དགེ་སློང་བསྡོམས་༣༦ དེ་ཅིག་ ཡོདཔ་ཨིན་པས།
བླམ་ཚེ་དབང་རྒྱ་མཚོ་གིས་ སླབ་མིའི་ནང་ དགོན་པ་དེ་ནང་ དགེ་སློང་ཚུ་གི་གྲས་ལས་༥ ལྷུན་རྩེ་རབ་སྡེ་གྲྭ་ཚང་གི་འོག་ལུ་ མཚན་འཛིན་ཡོད་མི་ཚུ་ཨིན་རུང་ དགོན་པ་སྟོངམ་སྦེ་ མི་ལུས་ནིའི་དོན་ལུ་ དགེ་སློང་གཞན་ཚུ་ ཁོང་ར་ སྒེར་གྱི་ཐོག་ལས་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
གཞི་བཙུགས་འབད་དེ་ ལོ་༡ ལང་མི་ དགོན་པ་དེ་ནང་ འདས་པའི་ཟླཝ་༡༠ དེ་ཅིག་ཧེ་མར་ གློག་མེའི་ཞབས་ཏོག་ལྷོད་ནི་དེ་གིས་ གནག་གདུང་ནང་ སྡོད་མ་དགོ་པར་ཡོདཔ་ད་ འདས་པའི་ཟླཝ་༤ དེ་ཅིག་ལས་ སྒོར་གཱན་ཁྲོམ་ཁ་ལས་ཡར་བལྟ་ འཁོར་ལམ་བསལ་ནི་འགོ་བཙུགས་མི་དེ་ འཕྲལ་ཁམས་ཅིག་ཁར་ མཐུད་སྦྲེལ་འབད་ཡོདཔ་ཨིན་པས།
བླམ་ཚེ་དབང་རྒྱ་མཚོ་གིས་ སླབ་མིའི་ནང་ དགོན་པའི་མིང་ རྡོ་གཞོང་དགོན་པ་ཟེར་ བཏགས་དགོ་མི་དེ་ཡང་ དགོན་པའི་ལྟག་ལུ་ བྱག་གི་སྐེད་པ་ལུ་ ཧེ་མ་ སྨན་ཆུ་སྦང་སྲོལ་ཡོད་མི་ རང་བཞིན་གྱི་ རྡོ་གཞོང་ཆེ་ཆུང་༣ ཡོད་སར་ དང་ཕུ་ ཉེ་འདབས་ཀྱི་གཡུས་ཚན་ཚུ་ནང་ལས་ མི་སེར་ཚུ་གིས་ ཆུ་སྦང་ནི་ཡོདཔ་ལས་ ནད་རིགས་དག་པ་ཅིག་ལུ་ ཕན་ཐོགས་པའི་ལོ་རྒྱུས་འདུག་ཟེར་ཨིན་པས།
ཧེ་མ་ དགོན་པའི་དོན་ལུ་ ཉེ་འདབས་ལས་ འཁོར་ལམ་མེད་པའི་སྐབས་ བུ་དུར་ལས་སྦེ་ ཝམ་བུར་གཡུས་ཚན་བསྐོར་འོང་མི་ འཁོར་ལམ་གུ་ལས་ ཀི་ལོ་མི་ཊར་༡༣ དེ་ཅིག་ཡོད་མི་ལུ་བརྟེན་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་འགོར་མི་དེ་ རྫོང་ཁག་ལུ་ ལེན་ཐེངས་༣ དེ་ཅིག་ཞུ་བའི་ཤུལ་ལས་ ཐོབ་ནི་དེ་གིས་ ཀི་ལོ་མི་ཊར་༣ ལྷགཔ་ཅིག་ལས་ འགྱོ་མ་དགོ་པའི་ཁེ་ཕན་སྦོམ་བྱུང་ཡི་ཟེར་ བླམ་གིས་ བཤདཔ་ཨིན་པས།
བླམ་ཚེ་དབང་རྒྱ་མཚོ་གིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ དགེ་སློང་ཚུ་གི་ རྒྱགས་སྐལ་ཚུ་ མོང་སྒར་ལས་ལེན་པའི་སྐབས་ མོང་སྒར་ལས་དགོན་པ་ཚུན་ གླ་འཁོར་གྱི་ གླ་ཆ་དངུལ་ཀྲམ་༣༠༠༠ དེ་རེ་ སྤྲོད་དགོ་མི་དེ་ འཁོར་ལམ་གསརཔ་བཏོན་ཞིནམ་ལས་ དངུལ་ཀྲམ་༢༥༠༠ དང་༢༠༠༠ གི་བར་ན་ མར་བབས་སོང་སྟེ་ཡོད་ཟེར་ཨིན་པས།
དེ་ལས་ སྒོར་གཱན་ཁྲོམ་ལས་དགོན་པ་ཚུན་ གླ་འཁོར་མཁོ་མངགས་འབད་བ་ཅིན་ དངུལ་ཀྲམ་༡༠༠༠ རེ་སྤྲོད་དགོ་མི་དེ་ ད་རེས་ དངུལ་ཀྲམ་༣༠༠ དང་༤༠༠ གི་བར་ན་ བབས་ཡོདཔ་ད་ བླམ་གིས་འབད་བ་ཅིན་ འཕྲལ་འཕྲལ་ མཁོ་ཆས་ཚུ་ སྒལ་ཏོ་ཁར་ འབག་བསྐྱལ་ནི་ཡོད་རུང་ འཁོར་ལམ་ལྷོད་ཞིནམ་ལས་ ཁེ་ཕན་སྦོམ་བྱུང་ཡོདཔ་མ་ཚད་ ཝམ་བུར་དང་ ཀུ་པི་ཉལ་ས་གཡུས་ཚན་གྱི་ མི་སེར་ཚུ་གི་དོན་ལུ་ཡང་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ སློབ་དཔོན་༢ ཀྱི་དངུལ་ཕོགས་དང་ དགེ་སློང་༥ གི་ལྟོ་ཕོགས་ དེ་ལས་ ཡར་ངོ་མར་ངོའི་ཟད་འགྲོ་བསྡོམས་ ཟླ་རིམ་བཞིན་དུ་ ཡོངས་བསྡོམས་དངུལ་ཀྲམ་༡༡,༠༠༠ དེ་ཅིག་ཐོབ་མི་དེ་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ད་ གདོང་ལེན་ཅིག་ མ་དངུལ་མ་ལང་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
འདས་པའི་ཟླཝ་ནང་ བླམ་ཚེ་དབང་རྒྱ་མཚོ་གིས་ མོང་སྒར་ཚོད་བསྲེ་ཁྲོམ་ཁར་ ནང་འཁོད་ཀྱི་ ཚོད་བསྲེ་བཙོང་མི་ ཆ་གླིང་དང་ ཉེ་འདབས་ཀྱི་གཡུས་ཚན་ཚུ་ནང་ལས་ཨིན་མི་ དད་ཅན་དག་པ་ཅིག་གིས་ ཚོད་བསྲེ་ཕད་ཙི་༧ དེ་ཅིག་ཕུལ་མི་དེ་ དགོན་པའི་དགེ་སློང་ཚུ་ལུ་ དྲང་ནིའི་དོན་ལུ་ འབག་སར་མཐོང་ཡོདཔ་ད་ ཁོ་གིས་
བཤད་མིའི་ནང་ དགེ་སློང་ཚུ་གི་ ཟད་རྩིས་རྐྱངམ་གཅིག་ར་ དངུལ་ཀྲམ་༣༥,༠༠༠ དང་༤༠,༠༠༠ གི་བར་ན་ གནསཔ་མས་ཟེར་ཨིན་པས།
ད་ཚུན་ སྐྱབས་རྗེ་མཆོག་གིས་ སྐུ་སྒེར་ནང་ལས་ གཞི་བཙུགས་མ་དངུལ་ས་ཡ་༡ གནང་མི་དེ་ ལྷ་ཁང་གི་ སྐུ་གསུང་ཐུགས་རྟེན་ཚུ་ བསྒྲུབས་པའི་ལྷག་ལུས་ ལག་ལེན་འཐབ་ཡོདཔ་མ་ཚད་ སྐྱབས་རྗེ་མཆོག་གི་ ཡབ་དང་ཡུམ་གིས་ གནང་མི་དང་ དད་ཅན་སྦྱིན་བདག་རེ་གཉིས་དང་ ངོ་ཤེས་མི་ཚུ་གིས་ ཕུལ་མི་ཚུ་ལུ་བརྟེན་ གནས་ཏེ་ཡོད་ཟེར་ཨིན་པས།
བླམ་གིས་ སླབ་མིའི་ནང་ དགོན་པ་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ དགེ་སློང་མ་ཅིག་གིས་ ཁས་བླངས་ཐོག་ལས་བཏོན་མི་ ཨིང་སྐད་དང་ ཧིན་དི་ཆོས་ཚན་ དེ་ལས་ སྤྱིར་བཏང་འཛིན་གྲྭ་༨ པ་ཚུན་གྱི་ གཞི་རིམ་ཤེས་ཡོན་གིས་མ་དོ་བར་ ཆོ་གའི་ཕྱག་ལེན་དང་ འཆམ་ གཏོར་མ་ དཀར་རྩིས་ནག་རྩིས་ཚུ་ཡང་ སློབ་སྟོན་འབད་དོ་ཟེར་ཨིན་པས།
བླམ་ཁོ་ར་ རྡོ་གཞོང་དགོན་པ་ལུ་ མ་བྱོན་པའི་ཧེ་མར་ བསྟན་སྲུང་དམག་སྡེའི་ དམག་ཁང་གི་ བླམ་སྦེ་བཞུགས་ཡོདཔ་ད་ དགོན་པའི་དགེ་སློང་ཚུ་གི་དོན་ལུ་ ངོ་ཤེས་མི་ དམག་ཁང་ཅིག་གི་ བླམ་ཅིག་གིས་ འགོ་འདྲེན་ཐོག་ ན་ཧིང་ དགེ་སློང་ཚུ་གི་ན་བཟའ་ཡང་ ཕུལ་ཡོད་ནི་དེ་གིས་ ཕན་ཐོགས་ཡོད་རུང་ ཡུན་བརྟན་སྦེ་བཞག་ཐབས་ལུ་ ཐབས་ལམ་བཏོན་བཞིན་དུ་ཡོད་ཟེར་ཨིན་པས།
བླམ་ཁོ་ར་ བཟོ་དང་ ལྷ་བྲིས་ དེ་ལས་ རྩི་ས་གི་ལཱ་ཡང་ མཁྱེན་དོ་ཡོདཔ་བཞིན་དུ་ དགོན་པ་གོང་འཕེལ་གྱི་ལཱ་ཚུ་ བླམ་ཁོ་ར་གིས་འབད་དོ་ཡོདཔ་ད་ ད་རུང་ གདོང་ལེན་ཅིག་ དགེ་ཕྲུག་ཚུ་ འཕྲལ་འཕྲལ་ན་ཚ་བྱུང་བའི་སྐབས་ སྨན་ཁང་ནང་བསྐྱལ་ནིའི་དོན་ལུ་ ཉེ་འདབས་ཀྱི་ས་ཁོངས་ནང་ལས་ གླ་འཁོར་ཐོབ་མ་ཚུགས་མི་དེ་ཨིན་ཟེར་ཨིན་པས།
མ་ཚེ་དབང་རྒྱ་མཚོ་གིས་ བཤད་མིའི་ནང་ གདོང་ལེན་ཚུ་ཡོད་རུང་ ད་རེས་ནངས་པར་ ཀོ་རོ་ན་བའེ་རཱསི་ནད་ཡམས་ལུ་བརྟེན་ ཐིམ་ཕུག་ལུ་ ངོ་ཤེས་མི་དག་པ་ཅིག་ཡོད་སར་ མ་དངུལ་ལྷང་པར་ འགྱོ་མ་ཚུགས་ཟེར་ཨིནམ་ད་ མ་དངུལ་བཟོ་ནིའི་དོན་ལུ་ དཔེ་དེབ་ཅིག་ པར་སྐྲུན་འབད་དེ་ བཙོང་ནིའི་འཆར་གཞི་ རྩམ་པའི་བསྒང་ཡོད་ཟེར་ཨིན་པས།
བླམ་གིས་འབད་བ་ཅིན་ དགོན་པ་དེ་ནང་ དགེ་སློང་ཞལ་གྲངས་༡༠༠ ལྷགཔ་ཅིག་ཤོང་ཚུགས་པའི་ ཁང་མིག་ཚུ་ཡོད་ཟེར་ཨིནམ་ད་ ད་ལྟོ་ དེ་ནང་བཞུགས་མི་ བླམ་རྒན་ཤོས་ཚུ་མེད་རུང་ མ་འོངས་པ་ལུ་ འོང་ནིའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། ལྷུན་རྩེ

 

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *