ལྷན་རྒྱས་གཞུང་ཚོགས་ཀྱི་དཔྱད་ཡིག་༢༠༢༠ ཅན་མའི་གུ་ ད་རིས་ འཕྲོ་མཐུད་གསུང་གྲོས་གནང་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ནང་ འབྲུག་གི་ལྷན་རྒྱས་གཞུང་ཚོགས་ཀྱི་དཔྱད་ཡིག་༢༠༢༠ ཅན་མའི་ཐོག་ལུ་ གྲོས་བསྡུར་འགོ་བཙུགསཔ་ད་ བློན་པོ་ཚུ་ བསྐོ་བཞག་འབད་ནིའི་ཁྱད་ཡོན་དང་ ཁྱད་ཚད་གནད་དོན་དེ་ གྲོས་བསྡུར་ཅན་ཅིག་ལུ་གྱུར་ཡི།
གནད་དོན་དེ་ལུ་ བསམ་རྩེའི་འཐུས་མི་ ཏིར་ཐ་མཱན་རའི་གིས་ དཔྱད་ཡིག་ནང་བཀོད་མི་ ཁྱད་ཚད་བ་ལྷགཔ་སྦེ་ ཁྱད་ཚད་གཞན་ཚུ་ ཚུད་དགོ་པའི་ འོས་འབབ་མཐོངམ་མས་ཟེར་ཞུ་ཡི།
འཐུས་མི་གིས་ཞུཝ་ཅིག་ གནད་དོན་དེ་ལུ་ བསམ་བཀོད་འབད་མི་ མགར་སའི་འཐུས་མི་ རྡོ་རྗེ་མཁའ་གྲོ་གིས་ དམངས་གཙོའི་རིང་ལུགས་ འགོ་བཙུགས་པའི་ཤུལ་ལས་ བློན་པོ་གདམ་འཐུ་འབད་ནི་ལུ་ ཁྱད་ཚད་དེ་ཅིག་ཟེར་མེད་ནི་དེ་གིས་ མི་དམངས་ལས་ ཡིད་ཆེས་ཡང་ དེ་ཅིག་མེདཔ་སྦེ་ འགྱོ་དེས་ཟེར་ཞུ་ཡི།
འཐུས་མི་གིས་འབད་བ་ཅིན་ བློན་པོའི་གོ་གནས་ནང་ བསྐོ་བཞག་འབད་ནིའི་དོན་ལུ་ ཁྱད་ཚད་ཅིག་ བཟོ་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ལྷན་ཁག་འགོ་ཁྲིད་འབད་ནི་དེ་ འཇམ་ཏོང་ཏོ་མེནམ་ལས་ གོ་གནས་དེ་ཁར་ གདམ་འཐུ་འབད་མི་དེ་ སྲིད་ཀྱི་དབང་ལུ་ཤོར་ཏེ་ གདམ་འཐུ་འབད་མི་མེན་པར་ ལྕོགས་གྲུབ་ཅན་དང་ དུས་ཚོད་རན་མི་ཚུ་ དགོཔ་འདུག་ཟེར་ཞུ་ཡི།
ཉམས་མྱོང་མེད་མི་ཅིག་ གདམ་འཐུ་འབད་བ་ཅིན་ དེ་གིས་ ལྷན་ཁག་ནང་ གྲུབ་འབྲས་མེད་པའི་ བསྒྱུར་བཅོས་ཚུ་འབད་དེ་ ལྷན་ཁག་ལུ་ ཐོ་ཕོག་ཉེན་འདུག་ཟེར་ཞུ་ཡི།
ཆུ་ཁའི་འཐུས་མི་ སངས་རྒྱས་རྡོ་རྗེ་གིས་ ཁྱད་ཚད་ལེ་ཤ་བཙུགས་བཞག་པ་ཅིན་ གཞུང་སྐྱོང་ནང་ ཁྱད་ཚད་དང་མ་ལྡན་པའི་ འཐུས་མི་ཚུ་ཙང་ཙ་ བཙག་འཐུ་འགྲུབ་པ་ཅིན་ ཁྱད་ཚད་དེ་ཚུ་ཚང་མི་ དགོ་ནིའི་དོན་ལུ་ ལོག་སྟེ་ བཙག་འཐུ་འབད་དགོཔ་ཡང་ འཐོན་ནི་ཨིནམ་ལས་ མགར་སའི་འཐུས་མི་གིས་ ཞུ་མི་ལུ་ རྒྱབ་སྐྱོར་འབད་མི་ཚུགས་པས་ཟེར་ཞུ་ཡི།
བུམ་ཐང་གི་འཐུས་མི་ ཉི་མ་གིས་ རབ་ཏུ་འབྱུང་པ་ཅིན་ མགར་སའི་འཐུས་མི་གིས་ ཞུ་མི་བཟུམ་སྦེ་ འབད་དགོཔ་ཅིག་ཨིན་རུང་ དམངས་གཙོའི་རིང་ལུགས་ནང་ དེ་སྦེ་ འགྱོ་མི་བཏུབ་པས་ཟེར་ཞུ་ཡི།
སྤ་རོའི་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ཡང་ ཚོགས་ཆུང་གིས་ཞུ་མི་ལུ་ རྒྱབ་སྐྱོར་ཡོད་ཟེར་ཨིནམ་ད་ གནད་དོན་དེ་ལུ་ འཐུས་མི་༩ གིས་ ཞུ་བ་འབད་མི་ལས་༧ གྱིས་ ཚོགས་ཆུང་གིས་ཞུ་མི་དང་འཁྲིལ་ རྒྱབ་སྐྱོར་འབད་ཡི།
ཨིན་རུང་ གནད་དོན་དེ་ མཐའ་བཅད་གྲོས་བསྡུར་ནང་ ལོག་སྟེ་བཙུགས་ཞིནམ་ལས་ གྲོས་བསྡུར་འབད་ནི་ཨིནམ་ད་ དཔྱད་ཡིག་དེ་ ད་རིས་ འཕྲོ་མཐུད་དེ་ གྲོས་བསྡུར་འབད་ནི་ཨིན་པས།
མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གི་ ཁྲི་འཛིན་འོགམ་ ཧཱ་གི་འཐུས་མི་ ཨོ་རྒྱན་རྣམ་རྒྱལ་གྱིས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ འགན་འཁྲི་དང་ཞབས་ཏོག་ཚུ་ ཚུལ་ལྡན་འབག་ཐབས་ལུ་ ལམ་ལུགས་ཅིག་ གཞི་བཙུགས་འབད་ནིའི་ དམིགས་གཏད་ཐོག་ ཟིན་བྲིས་བཏབ་ནི་ འགོ་བཙུགས་ཏེ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *