ལྷན་ཐབས་འཆར་དངུལ་ ག་དེམ་ཅིག་ གནང་ཆོགཔ་ཨིན་ན་ ཚད་གཞི་བཟོ་དགོ་ནི།

༉ ཁ་ཙ་ རྩིས་ལོ་༢༠༡༧-༢༠༡༨ ཀྱི་ རྒྱལ་ཡོངས་འཆར་དངུལ་གུ་ དངུལ་རྩིས་ཚོགས་ཆུང་གིས་ བསྐྱར་ཞིབ་སྙན་ཞུ་འབད་བའི་སྐབས་ འཆར་དངུལ་བསྐྱར་བཟོའི་ཐད་ཁར་ ལོ་བསྟར་བཞིན་དུ་ འཆར་དངུལ་གྱི་ གསུང་གྲོས་གནང་པའི་སྐབས་ ལྷན་ཐབས་འཆར་དངུལ་ ག་དེམ་ཅིག་ གནང་ཆོགཔ་ཨིན་ན་ ཚད་གཞི་བཟོ་དགོཔ་ཁག་ཆེཝ་སྦེ་ མཐོངམ་མས་ཟེར་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་ཡི།

འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ ལྷན་ཐབས་ཀྱི་འཆར་དངུལ་ ཁག་མི་ཆེ་ཟེར་ ཞུ་ནི་མེད་རུང་ ལྷན་ཐབས་ག་དེམ་ཅིག་ གནང་དགོཔ་ཨིན་ན་ བརྒྱ་ཆ་ལས་འབད་བ་ཅིན་ ག་དེམ་ཅིག་ གནང་ནི་ཨིན་ནའི་ ཚད་གཞི་བཟོ་དགོཔ་དེ་ ཁག་ཆེཝ་སྦེ་ར་ མཐོངམ་མས་ཟེར་ཨིན་པས།
དཔེ་འབད་བ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱི་འཆར་དངུལ་ དངུལ་ཀྲམ་ས་ཡ་༧༤.༦ ལས་ ལྷན་ཐབས་མ་དངུལ་ དངུལ་ཀྲམ་ས་ཡ་༡༤༧ གནང་པའི་སྐབས་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༢༥༩ འབདཝ་ད་ བརྒྱ་ཆ་༢༠༠ ལྷགཔ་ཅིག་ ལྷན་ཐབས་སྦེ་ འགྱོཝ་མས་ཟེར་ ཞུ་ཡི།
དེ་བཟུམ་སྦེ་ ལས་གཡོག་ལྷན་ཁག་གིས་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་༤,༡༥༠ བྱིན་ནི་ཨིན་ཟེར་ ལྷན་ཐབས་དངུལ་ཀྲམ་ས་ཡ་༢༦༣ ལེན་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ཚོད་ ལཱ་གཡོག་གི་ གོ་སྐབས་༢,༢༠༠ ལས་ བཟོ་མ་ཚུགས་པས་ཟེར་ ཞུ་ཡི།
དེ་འབདཝ་ལས་ ཧེ་མ་ ལྷན་ཐབས་ཀྱི་ འཆར་དངུལ་ཚུ་ ལེན་ཏེ་འབད་རུང་ ག་ཅི་ལུ་བརྟེན་ཏེ་ ཐེབས་ཐོན་ཡོདཔ་ཨིན་ན་དང་ གོ་སྐབས་ཚུ་ ག་ཅི་སྦེ་ བཟོ་མ་ཚུགསཔ་ཨིན་ནའི་ སྐོར་ལས་ཡང་ ཞུ་ཡི།
ག་དེམ་ཅིག་སྦེ་ ལྷན་ཐབས་མ་དངུལ་ གནང་ནིའི་ཐད་ཁར་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཐག་བཅད་ཐོག་ལས་ འབད་ནི་ཡོད་པ་ཅིན་ སྤྱི་ཚོགས་ནང་ གསུང་གྲོས་གནང་དགོཔ་ཡང་མིན་འདུག་ཟེར་ ཞུ་ཡི།
དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ཞུ་མིའི་ནང་ ལྷན་ཐབས་མ་དངུལ་གྱི་ གཞི་རྩ་དེ་ མི་མང་དངུལ་རྩིས་ཀྱི་ བཅའ་ཁྲིམས་དང་འཁྲིལ་ཏེ་ར་ འབད་དོ་ཟེར་ཨིནམ་ད་ དེ་ཡང་ བཅའ་ཁྲིམས་དེ་གི་ ལེའུ་༤ པའི་ དོན་ཚན་༡༥ ནང་ འཁོད་ཡོད་མི་དང་འཁྲིལ་ཏེ་ཨིན་ཟེར་ ཞུ་ཡི།
བློན་པོ་གིས་ འབད་བ་ཅིན་ རྒྱལ་ཁབ་གོང་འཕེལ་འགྱོ་བའི་བསྒང་འབད་ནི་དེ་གིས་ ཕྱིའི་རྒྱལ་ཁབ་ལས་ གྲོགས་རམ་དང་ གནང་བྱིན་ དེ་ལས་ བསྐྱིན་འགྲུལ་ཚུ་ ཕྱི་ཁ་ལས་ ལེན་དགོཔ་འབད་ནི་དེ་གིས་ ཧེ་མ་ལས་ འཆར་དངུལ་ནང་བཙུགས་ཏེ་ ཚད་གཞི་བཟོ་སྦེ་ བཞག་ཐབས་མིན་འདུག་ཟེར་ ཞུ་ཡི།
ག་དེམ་ཅིག་སྦེ་ ཧེ་མ་ རོགས་ཀྱིས་བྱིན་ནི་ཟེར་ ཁས་བླངས་འབད་མི་དང་འཁྲིལ་ཏེ་ འཆར་དངུལ་ནང་ བཙུགས་བཞག་པའི་ཤུལ་ལས་ འཐོབ་མ་ཚུགས་པ་ཅིན་ དེ་གིས་ སྟབས་མ་བདེཝ་འཐོན་ནི་མས་ཟེར་ཨིནམ་ད་ ཤུལ་ལས་ ལྷན་ཐབས་ག་དེ་སྦེ་ བྱིན་ནི་ཨིན་ན་དེ་ དངུལ་རྩིས་ལྷན་ཁག་ལུ་ བཞག་དོ་ཟེར་ཞུ་ཡི།
དེ་ལས་ ལཱ་གཡོག་གི་ཐད་ཁར་ ལས་གཡོག་བླན་པོ་ ཉི་མ་སངས་རྒྱས་ཆེན་པོ་གིས་ ཞུ་མིའི་ནང་ ཧེ་མ་ ན་གཞོན་༨༠༠ རྒྱ་གར་ལུ་ གཏང་ནི་གི་ འཆར་གཞི་དང་འཁྲིལ་ཏེ་ ལྷན་ཐབས་མ་དངུལ་ དངུལ་ཀྲམ་ས་ཡ་༢༦༢ ལེན་ཡོདཔ་ཨིན་རུང་ ཤུལ་ལས་ན་གཞོན་མང་ཤོས་ཅིག་ རྒྱ་གར་མེན་པར་ ཇ་པཱན་རྒྱལ་ཁབ་ནང་ བཏང་མི་དེ་གིས་ ཏི་རུ་མང་ཤོས་ཅིག་ ཟད་འགྲོ་གཏང་མ་དགོ་པར་ ལུས་སོ་ཡི་ཟེར་ ཞུ་ཡི།
དེ་འབདཝ་ལས་ ན་གཞོན་ཚུ་ལུ་ གོ་སྐབས་དེ་ ཧེ་མ་ འཆར་གཞི་བཟོ་མི་དང་འཁྲིལ་ཏེ་ གཏང་ཚུགས་པའི་ཁར་ ཟད་འགྲོ་ཡང་ ཉུང་སུ་ཅིག་ལས་ བཏང་མ་དགོཔ་འབདཝ་ད་ ཏི་རུ་དེ་ ལས་སྣ་གཞན་འབད་ནི་ལུ་ གཏང་བཏུབ་ནི་ཨིནམ་ལས་ འཐུས་མི་ཚུ་ སེམས་དགའ་དགོཔ་ཅིག་ཨིན་ཟེར་ ལས་གཡོག་བློན་པོ་གིས་ ཞུ་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ འབད་བ་ཅིན་ ལྷན་ཐབས་འཆར་དངུལ་གྱི་ ཚད་གཞི་མ་བཟོ་བ་ཅིན་ སྟབས་མ་བདེཝ་ཁག་༢ སྦེ་ མཐོངམ་མས་ཟེར་ཨིནམ་ད་ དེ་ཡང་ དམངས་གཙོ་རིང་ལུགས་ཀྱི་གཞུང་ འགོ་བཙུགས་ཏེ་ལོ་༩ ཡར་སོཔ་ལས་ འཆར་གཞི་བརྩམ་མི་དང་ འཆར་དངུལ་གྱི་ རྩིས་བཏོན་མི་ཚུ་གིས་ མ་དངུལ་དེ་ ཤུལ་ལས་ ལྷན་ཐབས་འོང་མི་ལས་བཙུགས་ནི་ཨིན་ཟེར་ སྣང་མེད་བསྐྱུར་བཞག་པ་ཅིན་ མ་འོངས་པ་ལུ་ སྲོལ་བཟུམ་འགྱོ་ནིའི་ ཉེན་ཁ་འདུག་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ཧེ་མའི་ ལོ་དང་ཕྱདཔ་ད་ ཤུལ་མམ་གི་ལོ་ནང་ ལྷན་ཐབས་མ་དངུལ་ཚུ་ ཡར་སེང་འབད་བའི་ཁར་ མ་དངུལ་ཐོབ་མི་ཚུ་ ཟད་འགྲོ་གཏང་ནི་དེ་ འོས་ལྡན་ཅིག་ མི་མཐོང་མས་ཟེར་ ཞུ་ཡི།
དངུལ་རྩིས་ཚོགས་ཆུང་གི་ཁྲི་འཛིན་ ཀརྨ་བསྟན་འཛིན་གྱིས་འབད་བ་ཅིན ཚོགས་ཆུང་གིས་ ལཱ་འབད་བའི་སྐབས་ དམངས་རྩིས་བཅའ་ཁྲིམས་དང་འཁྲིལ་ཏེ་ འབད་ཡོདཔ་སྦེ་ ཞུ་ཡི།
དངུལ་རྩིས་བློན་པོ་གིས་འབད་རུང་ གཞི་རྩ་དང་ ཚད་གཞི་ཚུ་ གསུང་གྲོས་གནང་དགོ་པ་ཅིན་ དམངས་རྩིས་བཅའ་ཁྲིམས་རང་ འཕྲི་སྣོན་འབད་དགོཔ་ འཐོན་ནི་མས་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ལམ་འགྲུལ་གྱི་ཐོག་ལས་ མཁལ་རྡོག་དང་འབྲེལ་བའི་ ནད་གཞི་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༤ ལུ་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་དང་འབྲེལ་ ལྟ་བཤལ་ལམ་སྟོན་པ་བགྲེསཔ་༢ ཀྱིས་ མཁལ་རྡོག་དང་འབྲེལ་བའི་ནད་གཞི་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ནིའི་ལམ་འགྲུལ་ལས་རིམ་འགོ་བཙུགས་ཅི། དེ་ཡང་ ཚེ་བརྟན་རྡོ་རྗེ་དང་ འཆི་མེད་༢ …

Leave a Reply

Your email address will not be published. Required fields are marked *