རྫོང་ཁག་ཚོགས་འདུ་ འཚོགས་པའི་བསྒང་།

ལྷ་ཁང་དང་ མཆོད་རྟེན་ཚུ་གི་ ཉམས་གསོ་ཕྱམ་ཕྱིམ་ཞུ་ནིའི་ གནང་བ་ལེན་ནི་ལུ་ བྱ་སྟབས་མ་བདེཝ།

༉ རྒེད་འོག་ནང་ ལྷ་ཁང་དང་ མཆོད་རྟེན་ཚུ་གི་ ཉམས་གསོ་ཕྱམ་ཕྱིམ་ཞུ་ནིའི་གནང་བ་དེ་ ཨ་རྟག་ག་ཨིནམ་སྦེ་ར་ སྲོལ་འཛིན་ལས་ཁུངས་ཀྱིས་ གནང་ནི་ཨིན་པ་ཅིན་ ཤུལ་མའི་ཚོགས་ཐེངས་ནང་ གྲོས་བསྟུན་འབད་ཞིནམ་ལས་སྤྱི་ཚོགས་ནང་ གྲོས་གཞི་ཕུལ་ནི་སྦེ་ ཆ་འཇོག་གྲུབ་ཅི།
དེ་ཡང་ མོང་སྒར་རྫོང་ཁག་གི་ ཚོགས་འདུ་ཐེངས་༣ པའི་ ཉིནམ་དང་པའི་ནང་ ཚོགས་ཐེངས་༢ པའི་གྲོས་ཆོད་བཏོན་ཏེ་ སྲོལ་འཛིན་ལས་ཁུངས་ལུ་ གྲོས་གཞི་སྦེ་ཕུལ་མི་དེ་ཡང་ ལྕགས་སི་མཁར་རྒེད་འོག་གིས་ རྫོང་ཁག་སྲོལ་འཛིན་འགོ་དཔོན་ལུ་ ལན་ཁ་གསལ་ཕུལ་དགོ་པའི་ ཞུ་བ་འབད་བའི་སྐབས་ སྲོལ་འཛིན་ལས་ཁུངས་ལས་ བཀའ་རྒྱ་མ་ལྷོད་མི་ལུ་བརྟེན་ཨིན་པས།
སི་ལམ་སྦིས་རྒཔོ་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ རྒེད་འོག་ནང་ཡོད་པའི་ ལྷ་ཁང་དང་ མཆོད་རྟེན་ཚུ་གི་ ཉམས་གསོ་ཞུ་ནིའི་དོན་ལུ་ ད་ཚུན་གྱི་རིང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལས་ གནང་བ་ཞུ་སྟེ་ མི་སེར་ལུ་ ཞབས་ཏོག་ཞུ་བའི་སྐབས་ དཀའ་ངལ་འདུག་ཟེར་ཨིན་པས།
དེ་ཡང་ ཁོ་གིས་འབད་བ་ཅིན་ ཉམས་བཅོས་ཀྱི་འཆར་དངུལ་ཚུ་ དུས་ཚོད་ཁར་ ལཱ་འགོ་བཙུགས་མ་ཚུགས་པ་ཅིན་ འཆར་དངུལ་དེ་ གཞུང་ལུ་ལོག་འགྱོ་དོ་ཡོདཔ་ལས་ གཞུང་ལས་གནང་བ་མ་ཐོབ་པའི་སྔོན་ལས་ རྒེད་འོག་གིས་ ཐབས་ཤེས་བཏོན་ཏེ་ མི་སེར་ལུ་ ཞབས་ཏོག་ཞུ་བའི་སྐབས་ མི་སེར་ཚུ་གི་བར་ན་ཡང་ བྱ་སྟབས་མ་བདེ་བའི་དཀའ་ངལ་འདུག་ཟེར་ ཞུ་ཡི།
དེ་འབདཝ་ལས་ སྲོལ་འཛིན་དང་འབྲེལ་བའི་གནད་དོན་ཚུ་ དེ་འཕྲོ་ལས་ མི་སེར་ཚུ་གིས་ ཞབས་ཏོག་སྤྱོད་ཚུགས་ནིའི་དོན་ལུ་ ད་ལས་ཕར་ ཉམས་བཅོས་ཀྱི་དོན་ལུ་ རྫོང་ཁག་བདག་སྐྱོང་གིས་ འགོ་འདྲེན་ཐོག་ལས་ གནང་བ་བྱིན་ཆོགཔ་བཟོ་བ་ཅིན་ ཐད་ཀར་དུ་ ཁེ་ཕན་འདུག་ཟེར་ཞུ་ཡི།
རྫོང་ཁག་སྲོལ་འཛིན་འགོ་དཔོན་ དཔལ་གྲུབ་ཀྱིས་ ཞུ་མིའི་ནང་ ས་གནས་གཞུང་གི་ ཚོགས་ཐེངས་༢ པའི་སྐབས་ ལྕགས་སི་མཁར་རྒེད་འོག་གིས་ གྲོས་གཞི་སྦེ་ བཙུགས་མི་དེ་ གསུང་གྲོས་རྒྱས་པར་གནང་པའི་ཤུལ་ལས་ གྲོས་ཆོད་བཏོན་མི་དེ་ སྲོལ་འཛིན་ལས་ཁུངས་ལུ་ ངག་ཐོག་མ་ཚད་ ཡིག་ཐོག་ལུ་ཡང་ ཕུལ་ཏེ་ཡོད་ཟེར་ཨིན་པས།
ད་ལྟོ་ སྲོལ་འཛིན་ལས་ཁུངས་ནང་ གནད་དོན་དེ་གི་ཐོག་ལུ་ གསུང་གྲོས་གནང་པའི་བསྒང་ཡོད་ཟེར་ཨིནམ་ད་ ཁ་སྐོང་སྦེ་ སྲོལ་འཛིན་འགོ་དཔོན་དཔལ་གྲུབ་ཀྱིས་ ཞུ་མིའི་ནང་ ལྷ་ཁང་དང་ མཆོད་རྟེན་ ཉམས་གསོ་ཞུ་ནི་་དང་ གསརཔ་བཟོ་སྐྲུན་འབད་མི་ཚུ་ ག་ཅིའི་ཐད་ལས་འབད་རུང་ གནང་བ་སྲོལ་འཛིན་ལས་ཁུངས་ལས་ ལེན་དགོཔ་ཨིན་ཟེར་ཨིན་པས།
དེ་ཡང་ སྲོལ་འཛིན་ལས་ཁུངས་ནང་ རང་ལུགས་ཀྱི་ བཟོ་རིག་འགོ་དཔོན་མཁས་མཆོག་དང་ བཟོ་བཀོད་མཁས་མཆོག་ཚུ་ཡོདཔ་ལས་ རྒེད་འོག་གིས་ ཕུལ་མི་ཡིག་ཆ་ཚུ་ རྫོང་ཁག་ལས་བརྒྱུད་དེ་ སྲོལ་འཛིན་ལས་ཁུངས་ནང་ ཞིབ་དཔྱད་ཀྱི་དོན་ལུ་ བཏངམ་ཨིན་ཟེར་ཨིན་པས།
ལྷག་པར་དུ་ ཁོ་གིས་ ཞུ་མིའི་ནང་ རྒེད་འོག་གིས་ ཕུལ་མི་ཡིག་རིགས་ཚུ་ རྫོང་ཁག་སྲོལ་འཛིན་ཡིག་ཚང་གིས་ ཞིབ་དཔྱད་འབད་བའི་སྐབས་ བཀའ་ཤོག་ནང་ ཁ་གསལ་སྦེ་བཀོད་ཡོད་རུང་ མ་ཚང་པར་ཡོདཔ་ད་ ངོས་ལེན་འབད་ཐབས་མེད་པར་ ཡུན་གྱངས་རིང་བའི་ཁར་ ཡིག་ཆ་ཚུ་ཡང་ ཧེ་མ་ལས་ བཙུགས་དགོཔ་ཨིན་རུང་ བཙུགས་ནི་མེད་པའི་དཀའ་ངལ་ཚུ་ འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༤ ལུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལས་ ལྷ་ཁང་དང་ སྒྲུབ་ཁང་ མཚམས་ཁང་ཚུ་ གསརཔ་བཟོ་སྐྲུན་འབད་ནི་ལས་ མཚམས་འཇོག་བཞག་དགོཔ་སྦེ་ བཀའ་རྒྱ་གནང་མི་དེ་ ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་དགོཔ་སྦེ་ འདུག་ཟེར་ཨིན་པས།
སྔ་ཚང་རྒཔོ་རྡོ་རྗེ་ལས་སྐྱིད་ཀྱིས་ ཞུ་མིའི་ནང་ རྫོང་ཁག་དང་ རྒེད་འོག་༢ མཉམ་རུབ་ཀྱི་ཐོག་ལས་ ཉམས་ཆག་ཤོར་མི་ ལྷ་ཁང་དང་ མཆོད་རྟེན་ཚུ་ ཉམས་གསོ་དང་ སྐུ་དཀར་གསོལ་ཆོག་པའི་གནང་བ་ཚུ་ གནང་ནི་ཡོད་པ་ཅིན་ ཁེ་ཕན་འདུག་ཟེར་ཨིན་པས།
དེ་བཟུམ་གྱི་ ལཱ་ཕྱམ་ཕྱིམ་དོན་ལུ་ཡང་ གནང་བ་ཚུ་ གཞུང་ལྟེ་བ་ལས་ ལེན་དགོ་པའི་སྐབས་ དུས་ཡུན་ལེ་ཤ་འགོར་བའི་ཁར་ གནང་བ་ཚུ་ཡང་ འཐོབ་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ ཞབས་ཏོག་ཚུ་ དེ་འཕྲོ་ལས་ སྤྱོད་མི་ཚུགས་པས་ཟེར་ཨིན་པས།
རྫོང་བདག་ཨྱོན་བསོད་ནམས་ཀྱིས་ རང་སོའི་ལས་སྣ་དང་ འཆར་གཞི་ཚུ་ ཧེ་མ་ལས་ཞིབ་དཔྱད་འབད་དེ་ ལཱ་ཚུ་ གོ་རིམ་སྒྲིག་སྟེ་ འབད་བ་ཅིན་ དཀའ་ངལ་སེལ་ཚུགས་ནིའི་ འོས་འབབ་ཡོད་རུང་ འཆར་ལོ་མཇུག་བསྡུ་ནི་རནམ་ད་ གནང་བ་གི་དོན་ལུ་ ཡིག་ཆ་ཚུ་ རྫོང་ཁག་ནང་ བཙུགས་ནི་འདུག་ཟེར་ཨིན་པས།
ཚོགས་འདུའི་ཁྲི་འཛིན་ ཀརྨ་བསམ་འཕེལ་དབང་ཕྱུག་གིས་ བཤད་མིའི་ནང་ སྲོལ་འཛིན་ལས་ཁུངས་ལས་ བཀའ་རྒྱ་གནང་མིའི་ནང་ གལ་སྲིད་ ཉམས་བཅོས་ཕྱམ་ཕྱིམ་འབད་ནིའི་དོན་ལུ་ཡང་ གནང་བ་དེ་ ལས་ཁུངས་ལས་ར་ དགོཔ་སྦེ་ཡོད་པ་ཅིན་ ཚོགས་ཐེངས་༤ པའི་ནང་ གསུང་གྲོས་གནང་སྟེ་ གྲོས་གཞི་དེ་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ནི་ཟེར་ཨིན་མས།
དེ་བཟུམ་སྦེ་ ཚོགས་དམངས་ཀྱིས་འབད་རུང་ རྫོང་བདག་དང་ ཁྲི་འཛིན་གྱིས་ ཞུ་དོ་བཟུམ་སྦེ་ གྲོས་འཆམ་བྱུང་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་དགྲ་མེད་རྩེ་གི་ ལོ་བསྟར་ཚེས་བཅུའི་ རྒྱབ་ཁུངས་མདོར་བསྡུས།

༉ ཤར་ཕྱོགས་དགྲ་མེད་རྩེ་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་གྲྭ་ཚང་གི་ ལྷ་ཁང་ནང་སྦེ་ གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་ཚེས་བཅུ་དེ་ གཞན་དང་མ་འདྲ་བའི་ རྩ་ཅན་ཅིག་ཨིནམ་ད་ དེ་ཡང་ གཏེར་སྟོན་པདྨ་གླིང་པའི་སྲས་ ཀུན་དགའ་རྒྱལ་མཚན་དང་ སྲསམོ་ ཨ་ནེ་མཆོད་རྟེན་བཟང་མོ་ལུ་བརྟེན་ བྱུང་ནི་དེ་གིས་ཨིན་པས། རང་ཟླ་༡༠ …

Leave a Reply

Your email address will not be published. Required fields are marked *