ཕྱི་འབྲེལ་བློན་པོ་ རྟ་མགྲིན་རྡོ་རྗེ།

ལྡོག་ཕྱོགས་ཀྱིས་ གཞུང་སྐྱོང་ལུ་ ལན་ཚུལ་ལྡན་སླབ་མ་ཚུགས་པའི་ དྲི་བཀོད་འབད་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ གྲོས་བསྡུར་ལས་རིམ་ འགོ་བཙུགས་པའི་སྐབས་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ དྲི་བཀོད་ཀྱི་ བྱ་སྒོའི་སྐོར་ལས་ གསལ་བཤད་གནང་ཚརཝ་ཅིག་ གཞལམ་སྒང་རྫོང་ཁག་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ བློན་ཆེན་ལུ་ དཔལ་འབྱོར་རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་འགྲུབ་ཐབས་ལུ་ ག་དེ་སྦེ་ མཛད་དོ་ཟེར་ དྲི་བ་ཞུ་ཡི།
འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ ད་རེས་ རྒྱལ་ཁབ་ཀྱི་ འཆར་དངུལ་དང་འཁྲིལ་བ་ཅིན་ རྒྱུན་སྐྱོང་གི་ མ་དངུལ་དེ་ ནང་འཁོད་ཀྱི་ འབབ་ཁུངས་ཀྱིས་ བརྒྱ་ཆ་ལས་བརྒྱ་ཆ་ བདའ་ཟུན་ཏེ་འབད་རུང་ གསར་སྒྲུབ་མ་དངུལ་དེ་ བརྒྱ་ཆ་༣༠ དེ་ཅིག་ལས་བརྒལ་ མིན་འདུག་ཟེར་ཨིན་པས།
འཆར་གཞི་༡༢ པའི་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༣༡༠ དགོཔ་ཨིན་རུང་ རྩིས་ཁྲ་དང་འཁྲིལཝ་ད་ འོང་འབབ་ཀྱི་ འཐོན་ཁུངས་དེ་ ལོ་༥ འི་ནང་ དངུལ་ཀྲམ་ཐེར་འབུམ་༢༡༧ དེ་ཅིག་མ་གཏོགས་མེདཔ་ལས་ དངུལ་ཀྲམ་ཐེར་འབུམ་༩༣ དེ་ཅིག་ ཆད་ཐོནམ་མས་ཟེར་ ལྡོག་ཕྱོགས་འཐུས་མི་གིས་ ཞུ་ཡི།
ད་རུང་ ད་རེས་ གཞུང་གིས་ ཝའི་ཕའི་རིན་མེད་སྟོང་པར་སྦེ་ མཁོ་སྤྲོད་འབད་ནི་དང་ ཁྱད་རིག་ལྡན་པའི་ སྨན་ཁང་རྐྱབ་ནི་ དེ་ལས་ འཐུས་ཚུ་ཐེབས་སྤྲོད་དགོཔ་མི་ཚུ་ ག་ར་རྩིས་རྐྱབ་ད་ དངུལ་ཀྲམ་ཐེར་འབུམ་༢༠ དེ་ཅིག་ཐོནམ་མ་ཚད་ དེ་གུ་ དངུལ་ཕོགས་ཡར་སེང་ལུ་ དངུལ་ཀྲམ་ཐེར་འབུམ་༡༨ དེ་ཅིག་བཀལཝ་ད་ འཆར་གཞི་༡༢ པའི་ནང་ མ་དངུལ་ཐེར་འབུམ་༡༣༡ དེ་ཅིག་ ཆདཔ་མས་ཟེར་ཨིན་པས།
ད་རེས་ ཕྱིའི་རྒྱལ་ཁབ་ཚུ་གི་གྲས་ལས་ རྒྱལ་ཁབ་ལུ་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ རྒྱབ་སྐྱོར་གནང་མི་ རྒྱ་གར་ཨིནམ་བཞིན་དུ་ རྒྱ་གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༤༥ ལྷགཔ་ཅིག་ རྒྱབ་སྐྱོར་གནང་རུང་ དངུལ་ཀྲམ་ཐེར་འབུམ་༧༠ ལྷགཔ་ཅིག་ ག་ཏེ་ལས་ར་ ཐོན་ཁུངས་མེདཔ་ལས་ དཔལ་འབྱོར་རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་འགྲུབ་ནི་ལུ་ གདོང་ལེན་ཅན་ཅིག་སྦེ་ མཐོངམ་མས་ཟེར་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ཞུ་ཡི།
དེ་བཟུམ་སྦེ་ ཕྱི་ནང་སྤྲོད་ལེན་གྱི་ ཁྱད་པར་དེ་ དངུལ་ཀྲམ་ཐེར་འབུམ་༣༡ ཨིན་མི་དེ་ཡང་ ལོ་བསྟར་བཞིན་དུ་ ཡར་སེང་གྱོཝ་མ་ཚད་ རྩིས་ལོ་༢༠༡༨ དང་༢༠༡༩ གི་ རྒྱལ་ཁབ་ཀྱི་ བུ་ལོན་ཚད་གཞི་དེ་ དངུལ་ཀྲམ་ཐེར་འབུམ་༢༡༥ དེ་ཅིག་གུ་ ལྷོད་ནི་དང་ ནང་འཁོད་ཐོན་ཁུངས་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ཕབ་པ་ཅིན་ བུ་ལོན་གྱི་ཚད་གཞི་དེ་ བརྒྱ་ཆ་༡༨ གུ་ ལྷོད་ནི་མས་ཟེར་ཞུ་ཡི།
ད་རེས་ དཔལ་འབྱོར་གོང་འཕེལ་གྱི་ བརྡ་སྟོན་ཚུ་ལུ་བལྟཝ་ད་ དམིགས་ཡུལ་དེ་ འགྲུབ་ནི་ལུ་ ཡུན་རིངམོ་སྦེ་ འགོར་ནི་བཟུམ་མཐོངམ་ལས་ སྤྱི་ལོ་༢༠༢༣ ལས་ འབྲུག་འདི་ གོང་འཕེལ་མ་འགྱོ་བའི་ རྒྱལ་ཁབ་ཚུ་གི་གྲས་ལས་ མཐར་འཁྱོལ་ཏེ་ གོང་འཕེལ་བར་མའི་ གནས་རིམ་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ རྒྱལ་ཁབ་ཀྱིས་ གྲོགས་རམ་འཐོབ་ནི་ལུ་ གདོང་ལེན་སྦོམ་ འབྱུང་ནི་ཨིནམ་ལས་ ད་རེས་ གཞུང་གི་ཁ་ཐུག་ལས་ དཔལ་འབྱོར་རང་ལྡང་བཟོ་ནིའི་ སྲིད་བྱུས་དེ་ ཁག་ཆེ་ཧིང་ ག་དེ་སྦེ་གཟིགསཔ་ཨིན་ན་དང་ དམིགས་ཡུལ་འགྲུབ་ཐབས་ལུ་ ད་ལས་ཕར་ འཆར་གཞི་ལས་རིམ་ཚུ་ ག་དེ་སྦེ་ར་ཡོད་ག་ཟེར་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ ཞུ་ཡི།
བློན་ཆེན་ངོ་ཚབ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ དྲི་བ་དེ་ འཆར་སྣང་༢༠༢༠ དང་འཁྲིལ་ཏེ་ ཨིནམ་ལས་ འདི་འགྲུབ་ནིའི་དོན་ལུ་ འཆར་སྣང་དེ་ སྤྱི་ལོ་༡༩༩༩ ལས་བརྩམ་ནི་ འགོ་བཙུགས་པའི་སྐབས་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་ འགོ་བཙུགས་འོང་ཟེར་ མ་འཁོད་ནི་དེ་གིས་ སྤྱི་ལོ་༢༠༠༧ ཚུན་ དགོངས་འཕེལ་འཆར་གཞི་ཚུ་ འཆར་སྣང་༢༠༢༠ དང་འཁྲིལ་ བརྩམས་ནུག་ཟེར་ཞུ་ཡི།
དེ་འབདཝ་ད་ དམངས་གཙོའི་རིང་ལུགས་དང་འཁྲིལ་ འཆར་གཞི་༡༠ པ་ལས་འགོ་བཙུགས་ གཞུང་སྐྱོང་མི་ སྲིད་ཚོགས་ཀྱི་ ཁས་བླངས་གསལ་བསྒྲགས་གུ་ གཞི་བཞག་ཞིནམ་ལས་ འཆར་གཞི་ཚུ་ བརྩམས་ཡོདཔ་ལས་ དམིགས་གཏད་དེ་ ལམ་ཁག་སོ་སོའི་ནང་ ཡར་སོ་ནུག་ཟེར་ ཕྱི་འབྲེལ་བློན་པོ་གིས་ཞུ་ཡི།
ད་རེས་འབདཝ་ད་ གཞུང་གསུམ་སོར་ཡོདཔ་བཞིན་དུ་ གཞུང་༣ ཆ་ར་གིས་ འཆར་གཞི་དེ་ ཁས་བླངས་གསལ་བསྒྲགས་ལུ་ གཞི་བཞག་སྟེ་ བཟོ་བའི་སྐབས་ འཆར་སྣང་༢༠༢༠ གི་ དམིགས་ཡུལ་ཚུ་ གྲུབ་མ་ཚུགས་པར་ཡོདཔ་ལས་ གཞུང་གིས་ ག་དེ་སྦེ་ ཧ་གོ་ཡི་ཟེར་བ་ཅིན་ དམིགས་གཏད་གསརཔ་བརྩམ་དགོཔ་ཡོད་མི་ལུ་བརྟེན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ རང་དབང་གི་ཐོག་ལས་ དམིགས་གཏད་གསརཔ་བརྩམ་ནིའི་ འགན་ཁུར་སྤྲོད་དེ་ཡོད་ཟེར་ བློན་པོ་ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ཞུ་ཡི།
ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ ལཱ་འབད་ནིའི་ དུས་ཚོད་ལོ་༤ དང་ཕྱེད་དེ་ཅིག་ཡོདཔ་ལས་ ཁས་བླངས་འབད་མི་ཚུ་ཡང་ ཆ་མཉམ་གྲུབ་ཚུགསཔ་ འབད་ནི་དང་ འཆར་སྣང་༢༠༢༠ དེ་ སང་ཕོད་མཇུག་བསྡུ་རུང་ དམིགས་གཏད་གསརཔ་བརྩམ་པ་ཅིན་ དམིགས་ཡུལ་ཚུ་ འགྲུབ་ཚུགས་ཟེར་ཨིན་པས།
བསམ་པ་རྫོགས་མ་རྫོགས་ཀྱི་ དྲི་བ་ཁ་སྐོང་བཀོད་ནིའི་ གོ་སྐབས་དང་འཁྲིལ་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ ཕྱི་འབྲེལ་བློན་པོ་གིས་ སྤྱི་ལོ་༢༠༢༠ ཀྱི་འཆར་སྣང་དེ་ དམངས་གཙོའི་རིང་ལུགས་བཙུགས་ཞིནམ་ལས་ མེདཔ་བཏང་བཏངམ་བཟུམ་ ཞུ་མི་ལུ་ ཁས་ལེན་མེདཔ་ལས་ འདི་མི་བདེན་ཟེར་ཨིན་པས།
དམིགས་ཡུལ་དེ་ འགྲུབ་ནིའི་དོན་ལུ་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་དོན་ལུ་ གློག་མེ་ལས་འགུལ་ཁག་༥ དེ་ཅིག་དང་ ལྟ་བཤལ་གོང་འཕེལ་ དེ་ལས་ དངུལ་འབྲེལ་གྱི་ ཕྱག་ལཱ་ཡང་ ལེ་ཤ་གནང་ཡོད་རུང་ གཞུང་༢ པ་དང་ གཞུང་༣ པའི་སྐབས་ལུ་ཡང་ གློག་མེ་འཕྲུལ་ཁང་ཕུད་རྡོག་གཅིག་ཡང་ གཞི་བཙུགས་འབད་མ་ཚུགསཔ་ལས་ ད་ལས་ཕར་ མདུན་ལམ་གྱི་ འཆར་གཞི་ག་ཅི་ར་ཡོདཔ་ཨིན་ན་ ཐད་ཀར་དུ་ གསུངས་གནང་ཟེར་ པཱན་སྦང་གི་ འཐུས་མི་གིས་ཞུ་ཡི།
ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ འདས་པའི་གཞུང་ཆ་མཉམ་གྱིས་ ཕྱག་ལཱ་ལེགས་ཤོས་སྦེ་ མཛད་མི་ལུ་བརྟེན་ གོང་འཕེལ་མ་འགྱོ་བའི་ རྒྱལ་ཁབ་ཀྱི་ ཐོ་ནང་ལས་ མཐར་འཁྱོལ་ཡོད་ཟེར་ཨིནམ་ད་ ད་ལས་ཕར་ མ་དངུལ་ག་དེ་སྦེ་ འཚོལ་ནི་ཨིན་ན་ཟེར་བ་ཅིན་ དང་པ་ར་ འཆར་གཞི་ནང་ ཁྲལ་གྱི་བཅའ་ཁྲིམས་བསྒྱུར་བཅོས་འབད་ནི་ཨིནམ་ལས་ ཁྲལ་རྐྱངམ་གཅིག་ལས་ར་ ལོ་ལྔའི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༡༠ དེ་ཅིག་ འོས་འབབ་འཐོབ་ནིའི་ འོས་འབབ་ཡོད་ཟེར་ཨིན་པས།
བཟོ་རིག་འཕྲུལ་ཁང་ཚུ་ཡང་ ལེ་ཤ་སྒོ་ཕྱེ་ནི་དང་ སོ་ནམ་གོང་འཕེལ་གྱི་ ལས་སྣ་ཚུ་ཡང་ འགོ་བཙུགས་ནི་ཨིནམ་ལས་ དེ་གིས་ འོང་འབབ་བཟོ་ནི་ རྐྱངམ་གཅིག་མེན་པར་ ལཱ་གཡོག་མེད་པའི་ དཀའ་ངལ་ཡང་ སེལ་ནི་ཨིནམ་མ་ཚད་ ད་ལྟོ་ ལཱ་འབད་བའི་བསྒང་ཡོདཔ་ལས་ ལོ་༤ གི་རྒྱབ་ལས་ གྲུབ་འབྲས་ཚུ་ མཐོང་ཚུགས་ཟེར་ ཕྱི་འབྲེལ་བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *