ལྟ་བཤལཔ་ཚུ་ དངུལ་འབྲེལ་ཞབས་ཏོག་དང་ བརྒྱུད་འབྲེལ་ དེ་ལས་ གསང་སྤྱོད་ཀྱི་མཐུན་རྐྱེན་ཚུ་ལུ་ སེམས་མ་དགའ་བར་ཡོདཔ།

༉ ན་ཧིང་གི་ལོ་ནང་ རྒྱལ་ཁབ་ནང་འོང་མི་ ལྟ་བཤལཔ་མང་ཤོས་ཀྱིས་ དངུལ་འབྲེལ་ཞབས་ཏོག་དང་བརྒྱུད་འབྲེལ་ དེ་ལས་ གསང་སྤྱོད་ཀྱི་མཐུན་རྐྱེན་ཚུ་ ལེགས་ཤོམ་མེད་པའི་སྐོར་ལས་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ སྤྱི་ལོ་༢༠༡༨ ལུ་ ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ རྒྱལ་སྤྱིའི་ལྟ་བཤལཔ་བརྒྱ་ཆ་༢ དང་ ལུང་ཕྱོགས་ཀྱི་ལྟ་བཤལཔ་བརྒྱ་ཆ་༡༠ གྱིས་ ཏི་རུ་བརྗེ་སོར་དང་འབྲེལ་བའི་ ཞབས་ཏོག་དང་དངུལ་བཏོན་འཕྲུལ་ཆས་ཀྱི་ ཞབས་ཏོག་ཚུ་ལུ་ བསམ་པ་མ་རྫོགས་ཟེར་ བཀོད་ཡོདཔ་ཨིན་པས།
རྒྱལ་སྤྱིའི་ལྟ་བཤལཔ་བརྒྱ་ཆ་༡༠ དང་ ལུང་ཕྱོགས་ལྟ་བཤལཔ་བརྒྱ་ཆ་༥ གིས་ ཡོངས་འབྲེལ་དང་བརྒྱུད་འབྲེལ་གྱི་ཞབས་ཏོག་ཚུ་ ལེགས་ཤོམ་མེདཔ་སྦེ་ བཀོད་ཡོདཔ་ཨིན་པས།
ཞིབ་འཚོལ་དེ་ཡང་ ལྟ་བཤལཔ་༣,༥༣༥ ལུ་ ཐོན་འགྱོ་སའི་ ས་ཁོངས་ཚུ་ནང་ དྲི་བ་སྣ་ཚོགས་བཀོད་དེ་ ཞིབ་འཚོལ་འབད་ཡོདཔ་ད་ འདས་པའི་ལོ་དག་པ་ཅིག་ནང་ ལྟ་བཤལཔ་ཚུ་ལུ་ གསང་སྤྱོད་ཀྱི་ མཐུན་རྐྱེན་ལེགས་ཤོམ་མེད་པའི་ ཉོགས་བཤད་བཀོད་མི་དེ་ འཕྲོ་མཐུད་དེ་ར་ དཀའ་ངལ་ཐོན་ཡོདཔ་ཨིན་པས།
རྒྱལ་སྤྱིའི་ལྟ་བཤལཔ་བརྒྱ་ཆ་༢.༢༦ གིས་ རྒྱལ་ཁབ་ནང་འཁོད་ཡོད་པའི་ མཐུན་རྐྱེན་ཚུ་ལུ་ བསམ་པ་མ་རྫོགས་ཟེར་བཀོད་ཡོད་པའི་ཁར་ རྒྱལ་སྤྱིའི་ལྟ་བཤལཔ་བརྒྱ་ཆ་༧.༡༨ དང་ ལུང་ཕྱོགས་ཀྱི་ལྟ་བཤལཔ་བརྒྱ་ཆ་༡.༥༩ ལྷགཔ་ཅིག་གིས་ གསང་སྤྱོད་ཀྱི་ མཐུན་རྐྱེན་ལེགས་ཤོམ་མེད་པའི་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ཨིན་རུང་ གཞན་མཐུན་རྐྱེན་ཚུ་གི་ཐད་ཁར་ བརྒྱ་ཆ་༨༠ དེ་ཅིག་གིས་ བསམ་པ་རྫོགས་ཡོདཔ་སྦེ་ བཤད་ཡོདཔ་ད་ ལྟ་བཤལ་པའི་བསམ་པ་རྫོགས་ནིའི་དོན་ལུ་ ཁོང་གི་ཏི་རུ་སྤྲོད་མི་དང་འཁྲིལ་བའི་ ཞབས་ཏོག་དང་མཐུན་རྐྱེན་ཚུ་ ཐོབ་མ་ཐོབ་ཀྱི་ དབྱེ་ཞིབ་འབད་བའི་སྐབས་ ལུང་ཕྱོགས་ལྟ་བཤལཔ་ཚུ་གིས་ ལམ་སྟོན་པ་དང་འབྲེལ་བའི་ བསམ་པ་མ་རྫོགས་ཟེར་ ཨིན་པས།
བརྒྱ་ཆ་༩༠ དེ་ཅིག་གིས་ ཁོང་གིས་ཏི་རུ་སྤྲོད་མི་དང་བསྟུན་པའི་ ལྟ་བཤལ་ལུ་ བསམ་པ་རྫོགས་ཡོདཔ་སྦེ་ བཤད་ཡོདཔ་ད་ བརྒྱ་ཆ་༡ མ་ལངམ་ཅིག་གིས་ བསམ་པ་མ་རྫོགསཔ་སྦེ་ བཀོད་ནུག།
ཞིབ་འཚོལ་དང་འཁྲིལཝ་ད་ ལྟ་བཤལཔ་མང་ཤོས་ར་ ཤེས་ཡོན་ཅན་དང་ ལཱ་གཡོག་ཡོད་མི་ཚུ་ཡོད་པའི་ཁར་ བརྒྱ་ཆ་༩༠ དེ་ཅིག་གིས་ རྒྱལ་ཁབ་ནང་ འགོ་དང་པ་ འོང་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ལྟ་བཤལ་འོང་ནིའི་དོན་ལུ་ ངལ་གསོ་དང་ གནམ་གཤིས་གནས་སྟངས་དང་འཁྲིལ་ འོང་མི་དེ་ མཐོ་ཤོས་ཨིནམ་ད་ ལྟ་བཤལཔ་བརྒྱ་ཆ་༣༩.༤༨ རྒྱ་གར་དང་ བང་ལ་དེཤ་ དེ་ལས་ མཱལ་དིབསི་རྒྱལ་ཁབ་ཚུ་ནང་ལས་ འོང་ཡོདཔ་ད་ དེ་གི་ནང་ལས་ བརྒྱ་ཆ་༧༠ དེ་ཅིག་ འབྲུག་པའི་ལྟ་བཤལ་ལས་སྡེ་བརྒྱུད་དེ་ འོང་ཡོདཔ་ཨིན་པས།
ལུང་ཕྱོགས་ལྟ་བཤལཔ་ཚུ་གི་གྲས་ལས་ མང་ཤོས་ཀྱིས་ འགོ་དང་པ་འོང་མི་ལུ་ བསམ་པ་རྫོགས་ཡོདཔ་སྦེ་ བཀོད་དེ་ཡོདཔ་ད་ རྒྱལ་སྤྱིའི་ལྟ་བཤལཔ་བརྒྱ་ཆ་༨༨.༥ གིས་ མི་གཞན་ཚུ་ལུ་ ངལ་གསོའི་དོན་ལུ་ འབྲུག་རྒྱལ་ཁབ་ནང་ འགྱོ་ནི་དེ་ ལེགས་ཤོམ་འདུག་ཟེར་ སླབ་འོང་ཟེར་ བཀོད་ཡོདཔ་ཨིན་པས།
ལུང་ཕྱོགས་ཀྱི་ལྟ་བཤལཔ་བརྒྱ་༩༠.༣༧ དེ་ཅིག་གིས་ མི་གཞན་ཚུ་ལུ་ འབྲུག་ལུ་ལྟ་བཤལ་ནང་འགྱོ་ནི་ལུ་ རྒྱབ་སྣོན་འབད་འོང་ཟེར་ བཀོད་ཡོད་པའི་ཁར་ བརྒྱ་ཆ་༥༤.༤༣ དེ་ཅིག་གིས་ ལོག་འོང་ནི་བཟུམ་ཡོད་ཟེར་ བཀོད་ནུག།
རྒྱལ་སྤྱིའི་ལྟ་བཤལ་བརྒྱ་ཆ་༤༤.༩༤ གིས་ འབྲུག་གི་སྐོར་ལས་ ཡོངས་འབྲེལ་ཐོག་ལས་ ཤེས་ཅི་ཟེར་བཀོད་ཡོདཔ་ད་ བརྒྱ་ཆ་༣༤ གིས་ བརྡ་བརྒྱུད་ཐོག་ལས་ ཧ་གོ་ཡོདཔ་ད་ བརྒྱ་ཆ་༣༡ གིས་ དེབ་ཆུང་ཚུ་ནང་ལས་ ཤེས་ཡོདཔ་སྦེ་ བཀོད་ནུག།
བརྒྱ་ཆ་༡༥ དེ་ཅིག་གིས་ འབྲུག་གི་སྐོར་ལས་ ཁོང་རའི་ ཆ་རོགས་ཚུ་ལས་ ཤེས་ཡོདཔ་ད་ བརྒྱ་ཆ་༦.༡༧ གྱིས་ འགྲོ་འགྲུལ་ལམ་སྟོན་ཐོག་ལས་ ཤེས་ཡོདཔ་སྦེ་བཀོད་ནུག།
ལུང་ཕྱོགས་ལྟ་བཤལཔ་ཚུའི་གྲས་ལས་ བརྒྱ་ཆ་༧༣ གྱིས་ འབྲུག་གི་སྐོར་ལས་ ཡོངས་འབྲེལ་ཐོག་ལས་ ཤེས་རྟོགས་བྱུང་ཡོདཔ་ད་ གཞན་མི་བརྒྱ་ཆ་༣༨ ཀྱིས་བརྡ་བརྒྱུད་དང་ བརྒྱ་ཆ་༢༣ གྱིས་ ཆ་རོགས་དང་ངོ་ཤེས་འདྲིས་ཤེས་ཚུ་ལས་ ཤེས་ནུག་ཟེར་ ཞིབ་འཚོལ་འབད་བའི་སྐབས་ མངོན་གསལ་བྱུང་ཡོད་པའི་གནས་ཚུལ།

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *