ལྟ་བཤལ་པའི་ སྤྱོད་འཐུས་དགོངས་ཡངས་ཀྱི་ གྲོས་འཆར་ལུ་ ལྡོག་ཕྱོགས་ཀྱིས་དྲི་བཀོད།

༉ གཞུང་གིས་ འབྲུག་ཤར་ཕྱོགས་ལུང་ཕྱོགས་ནང་ ལྟ་སྐོར་ལུ་འགྱོ་མི་ ལྟ་བཤལཔ་ཚུ་ལུ་ ཉིན་བསྟར་སྤྱོད་འཐུས་ དགོངས་ཡངས་གནང་ནི་གི་ དམིགས་འཆར་བསྐྱེད་མི་དེ་ ལེགས་ཤོམ་ཨིན་རུང་ ལྟ་བཤལཔ་ཚུ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ འགྱོ་མ་ཚུགས་མི་དེ་ ཁྲལ་བཏབ་མ་ཚུགས་མི་ལུ་བརྟེན་ མེན་པས་ཟེར་ ལྡོག་ཕྱོགས་ཚོགས་པ་གིས་ བཤདཔ་ཨིན་པས།
དེ་ཡང་ ཁ་ཙ་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཐེངས་༡༠ པའི་ནང་ འབྲུག་གི་ལྟ་བཤལ་གྱི་ བསྡུ་བླང་དགོངས་ཡངས་དཔྱད་ཡིག་༢༠༡༧ ཅན་མ་དེ་ ཏི་རུའི་དཔྱད་ཡིག་སྦེ་ ལྷག་ཐེངས་དང་པ་ གསུང་གྲོས་གནང་ནིའི་དོན་ལུ་ ངོ་སྤྲོད་དང་ ཆ་འཇོག་གི་ གྲོས་དོན་ཕུལ་བའི་སྐབས་ ཞུ་ཡི།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ད་རེས་ནངས་པར་ དང་འདོད་ཅན་གྱི་ ལྟ་བཤལཔ་ཚུ་ ཤར་ཕྱོགས་རྫོང་ཁག་ནང་ འགྱོ་མ་ཚུགས་མི་དེ་ ལྟ་བཤལཔ་རེ་གིས་ ཉིན་བསྟར་སྤྱོད་འཐུས་ ཡུ་ཨེསི་ཌོ་ལར་༦༥ རེ་ སྤྲོད་དགོ་མི་དེ་ སྤྲོད་མ་ཚུགས་པར་མེན་པར་ འཁོར་ལམ་གྱི་ གནས་སྟངས་སྐྱོ་དྲགས་ཡོད་མི་དང་ བཞེས་སྒོ་ཚུལ་ལྡན་མེདཔ་ དེ་ལས་ རྒྱལ་ཁབ་ནང་ ལྟ་བཤལ་པའི་ ས་ཁོངས་གསརཔ་ཚུ་ གཞུང་གིས་ རྒྱ་སྐྱེད་འབད་མ་ཚུགས་མི་ལུ་བརྟེན་ཨིན་མས་ཟེར་ཞུ་ཡི།
དེ་འབདཝ་ལས་ སྤྱི་ལོ་༢༠༡༤ ལུ་ ལྟ་བཤལ་པའི་ འབབ་ཁུངས་ཡོངས་བསྡོམས་ ཡུ་ཨེསི་ཌོ་ལར་ས་ཡ་༧༣ ཡོདམི་ལས་ སྤྱི་ལོ་༢༠༡༥ ལུ་ ཡུ་ཨེསི་ཌོ་ལར་ ས་ཡ་༧༡ ལུ་ མར་བབས་སོང་ཡོད་རུང་ ན་ཧིང་འབད་བ་ཅིན་ ལོག་སྟེ་ར་ ཡུ་ཨེསི་ཌོ་ལར་ ས་ཡ་༧༣ ལུ་ ཡར་སེང་སོང་ནུག་ཟེར་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ ཞུ་ཡི།
ནུབ་སྦྱིས་-སྟང་སི་སྦྱིས་ཀྱི་འཐུས་མི་ དངོས་གྲུབ་བཟང་པོ་གིས་ ཞུ་མིའི་ནང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་བཤལ་གོང་འཕེལ་གཏང་ནིའི་ཐད་ཁར་ སྟབས་མ་བདེཝ་མེད་རུང་ ལྟ་བཤལ་པའི་ སྤྱོད་འཐུས་མར་ཕབ་འབད་ནི་གི་ ལམ་སྟོན་བཏོན་མི་ལུ་ དོགས་པ་སྦོམ་ཆགས་དགོཔ་ བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ ཐབས་ལམ་ལེ་ཤ་ཡོད་རུང་ གཞུང་གིས་ སྤྱོད་འཐུས་དགོངས་ཡངས་ གཏང་ནི་གི་ ཐབས་ཤེས་བཏོན་མི་དེ་ དཔེར་ན་ ད་རེས་ཟ་མི་དེ་ ནངས་པར་ཆད་པའི་ ལམ་སྟོན་བཟོ་མི་ལུ་བརྟེན་ དོགས་པ་སྦོམ་སྦེ་ར་ ཟ་དགོཔ་ཐོན་སོ་ཡི་ཟེར་ཨིན་པས།
རྒྱལ་ཡོངས་ཀྱི་ དམིགས་ཡུལ་དེ་ རང་མགོ་རང་འདྲོངས་བཟོ་ནི་དེ་ཨིནམ་ད་ སྤྱི་ཚོགས་ནང་ གསུང་གྲོས་གནངམ་ད་ འཕྲལ་འཕྲལ་ར་ ཁྲལ་དགོངས་ཡངས་དང་ ཟད་འགྲོ་མངམ་བཏང་པའི་སྐོར་ བྱུངམ་མས་ཟེར་ འཐུས་མི་དངོས་གྲུབ་བཟང་པོ་གིས་ ཞུ་བའི་ཁར་ གལ་སྲིད་ ད་རེས་ ལྟ་བཤལ་པ་ཚུ་ལུ་ ཁྲལ་དགོངས་ཡངས་བཏང་པ་ཅིན་ མ་འོངས་པར་ ལོག་ཁྲལ་བཀལ་ཐབས་མི་འབྱུང་ཟེར་ ཞུ་ཡི།
འཐུས་མི་དངོས་གྲུབ་བཟང་པོ་གིས་ ཞུ་མིའི་ནང་ འཕྲལ་འཕྲལ་ཟད་འགྲོ་མར་ཕབ་འབད་དགོཔ་སྦེ་ སླབ་མི་དེ་ཡང་ སྤྱི་ལོ་༢༠༡༨ ལས་ འཛམ་གླིང་རྒྱལ་ཁབ་གཞན་དང་ འདྲན་འདྲ་འབད་མ་ཚུགས་རུང་ དཔལ་འབྱོར་གོང་འཕེལ་གྱི་ དབྱེ་རིམ་དང་འཁྲིལཝ་ད་ གོང་འཕེལ་འགྱོ་བའི་ རྒྱལ་ཁབ་བར་མ་ནང་ ཚུད་དོ་ཟེར་ མནོ་བསམ་གཏང་དགོ་པའི་ དྲན་ཚོར་ཡང་ འབད་ནི་འདུག་ཟེར་ཨིནམ་ད་ སྤྱོད་འཐུས་མར་ཕབ་མི་གིས་ གཞུང་གི་ བང་མཛོད་ནང་ ཐོ་སྦོམ་སྦེ་ར་ ཕོག་ནི་མས་ཟེར་ཞུ་ཡི
ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ མ་དངུལ་ཚུ་ ལོག་སྤྱོད་འབད་ནི་ལས་ བཀག་ཐབས་ལུ་ ལྟ་བཤལཔ་ཚུ་ལས་ ཧེ་མ་བཟུམ་སྦེ་ སྤྱོད་འཐུས་བཞག་ཞིནམ་ལས་ ཁོང་ཆ་ཁྱབ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ སོང་ཡོད་མེད་ བརྟག་ཞིབ་འབད་དགོཔ་བཞིན་དུ་ ལྟ་སྐེར་ལུ་ སོང་ཡོད་པ་པ་ཅིན་ ཏི་རུ་ལོག་སྤྲོད་དགོ་པའི་ འོས་འབབ་ཚུ་ཡང་ བལྟ་དགོཔ་འདུག་ཟེར་ཞུ་ཡི།
གལ་སྲིད་ ལྟ་བཤལཔ་ཚུ་ ཤར་ཕྱོགས་རྫོང་ཁག་ནང་ མ་འགྱོ་བའི་ཧེ་མ་ འཁོར་ལམ་གྱི་ གནས་སྟངས་དང་ གནད་དོན་གཞན་ཚུ་ལུ་ ཧད་འཕུལ་ཏེ་ བུམ་ཐང་ཚུན་ འགྱོ་ཞིནམ་ལས་ ལོག་འོང་པ་ཅིན་ གཞུང་ལུ་ རྒུད་ཕོག་ནིའི་ ཉེན་ཁ་འདུག་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ཞུ་ཡི།
ཁོ་གིས་འབད་བ་ཅིན་ སྤྱོད་འཐུས་དེ་ བསྟར་སྤྱོད་འབད་བའི་སྐབས་ གཞུང་ལུ་ རྒུད་མ་ཕོགཔ་དང་ ལྟ་བཤལ་པའི་ ཚོང་འབྲེལ་འཐབ་མི་ དེ་ལས་ མི་སེར་ཚུ་ལུ་ ཐོ་མ་ཕོགཔ་ འབད་དགོཔ་འདུག་ཟེར་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ལྟ་བཤལ་པའི་ སྤྱོད་འཐུས་དགོངས་ཡངས་བཏང་མི་དེ་ཡང་ ད་རེས་ རྒྱལ་ཁབ་ནང་ ལྟ་བཤལ་ལུ་བརྟེན་ ཕན་ཐོགས་སྦོམ་སྦེ་ར་ བྱུང་བཞིན་དུ་ཡོདཔ་ལས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྷག་པར་དུ་ ཡར་དྲག་གཏང་ནི་དང་ དཔལ་འབྱོར་གོང་འཕེར་གཏང་ཐབས་ལུ་ཨིན་ཟེར་ཞུ་ཡི།
སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ཞུ་མིའི་ནང་ སྤྱོད་འཐུས་དགོངས་ཡངས་གཏང་ནིའི་ གྲོས་འཆར་དེ་ ཧེ་མ་ལས་ བཙུགས་ནི་གི་ འཆར་གཞི་ཡོད་རུང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ མཐུན་རྐྱེན་ལེགས་ཤོམ་མེདཔ་ལས་ འབད་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ ཤར་ནུབ་གཞུང་ལམ་རྒྱ་སྐྱེད་འབད་མི་དང་ ཡོན་ཕུ་ལུ་གནམ་གྲུ་ཐང་ ལག་ལེན་འཐབ་ནི་ འགོ་བཙུགས་ཏེ་ཡོདཔ་ལས་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཞུ་ཡི།
ལྟ་བཤལཔ་ཚུ་གི་དོན་ལུ་ ཟ་ཁང་གི་ ཐབ་ཚངཔ་ཚུ་ལུ་ བཞེས་སྒོ་འབད་ཐངས་ཀྱི་ སྦྱོང་བརྡར་ཚུ་ བྱིན་ཏེ་ཡོདཔ་ལས་ ཁོང་གིས་ ལྟ་བཤལཔ་ཚུ་ལུ་ བཞེས་སྒོའི་རིགས་ཚུ་ཡང་ ལེགས་ཤོམ་སྦེ་ བྱིན་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ མོང་སྒར་དང་ བསམ་གྲུབ་ལྗོངས་མཁར་ཚུན་ ལྟ་བཤལ་པའི་ ཟ་ཁང་ཚུ་ཡང་ སྤུས་ཚད་དང་ལྡནམ་སྦེ་ རྐྱབ་སྟེ་ཡོད་ཟེར་ སོ་ནམ་བློན་པོ་གིས་ ཞུ་ཡི།
དེ་མ་ཚད་ ལྷུན་རྩེ་དང་ ཨ་བརྒྱ་གནས་བར་ནའི་ ལ་བཤལ་ལམ་ཚུ་ཡང་ ལེགས་བཅོས་འབད་དེ་ཡོད་པའི་ཁར་ མོང་སྒར་ཁེངས་དགོངས་འདུས་ལས་ ཡང་བ་རི་གི་ འཁོར་ལམ་ཚུ་ཡང་ སེལ་ཚར་ཏེ་ཡོད་ཟེར་ཞུ་ཡི།
དངུལ་རྩིས་བློན་པོ་གིས་ ཞུ་མིའི་ནང་ སྤྱི་ལོ་༢༠༡༦ ལུ་ འབྲུག་ལུ་ ལྟ་བཤལཔ་༥༤,༦༠༠ དེ་ཅིག་ འོང་མི་བ་ལྷགཔ་སྦེ་ ཡར་སེང་འབད་ནི་ལུ་དམིགས་ཏེ་ སྲིད་བྱུས་བརྩམས་ཡོདཔ་མ་ཚད་ ལྟ་བཤལཔ་ཚུ་གི་དོན་ལུ་ ས་གནས་གསརཔ་ཚུ་ཡང་ སྒོ་ཕྱེ་ནི་གི་ འོས་འབབ་བལྟ་བའི་བསྒང་ཡོད་ཟེར་ཨིན་པས།
ད་རེས་ སྤྱོད་འཐུས་དགོངས་ཡངས་བཏང་མི་དེ་ ལོ་༣ གྱི་དོན་ལུ་ཨིནམ་ལས་ ཤུལ་ལས་ དུས་ཀྱི་འགྱུར་བ་དང་འཁྲིལ་ སྤྱོད་འཐུས་དེ་ ལོག་བཀལ་ནི་ཨིན་ན་ གཞུང་གསརཔ་གིས་བལྟ་སྟེ་ གྲོས་ཐག་བཅད་དགོཔ་འོང་ཟེར་ དངུལ་རྩིས་བློན་པོ་གིས་ཞུ་ཡི།
དཔྱད་ཡིག་དེ་ བསྐྱར་ཞིབ་ཀྱི་དོན་ལས་ དངུལ་འབྲེལ་ཚོགས་ཆུང་ལུ་ སྤྲོད་ཡོདཔ་བཞིན་དུ་ གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་༡༡ པའི་ཚེས་༢༩ ལུ་ གསུང་གྲོས་གནང་ནི་སྦེ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་དགྲ་མེད་རྩེ་གི་ ལོ་བསྟར་ཚེས་བཅུའི་ རྒྱབ་ཁུངས་མདོར་བསྡུས།

༉ ཤར་ཕྱོགས་དགྲ་མེད་རྩེ་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་གྲྭ་ཚང་གི་ ལྷ་ཁང་ནང་སྦེ་ གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་ཚེས་བཅུ་དེ་ གཞན་དང་མ་འདྲ་བའི་ རྩ་ཅན་ཅིག་ཨིནམ་ད་ དེ་ཡང་ གཏེར་སྟོན་པདྨ་གླིང་པའི་སྲས་ ཀུན་དགའ་རྒྱལ་མཚན་དང་ སྲསམོ་ ཨ་ནེ་མཆོད་རྟེན་བཟང་མོ་ལུ་བརྟེན་ བྱུང་ནི་དེ་གིས་ཨིན་པས། རང་ཟླ་༡༠ …

Leave a Reply

Your email address will not be published. Required fields are marked *