ལྟ་བཤལ་པའི་དོན་ལུ་ འཐོན་འཛུལ་སྒོ་ར་གསརཔ་༢ ཕྱེ་ནི།

༉ རྒྱལ་ཁབ་ནང་ ལྟ་བཤལ་ལོག་སྒོ་ཕྱེ་ནི་དང་ ལྟ་བཤལ་གྱི་གོ་སྐབས་ཚུ་ རྒྱལ་ཁབ་ཀྱི་ ས་གནས་ཆ་མཉམ་དང་ དམིགས་བསལ་དུ་ ལྷོ་ཕྱོགས་རྫོང་ཁག་ གསར་སྤང་དང་ དགེ་ལེགས་ཕུག་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ འདྲ་མཉམ་བཟོ་ནིའི་དོན་ལུ་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་ལུ་ ལྟ་བཤལ་པའི་འཛུལ་སྒོ་གསརཔ་རེ་ ཕྱེ་ནི་ཨིན་པས།
རྫོང་ཁག་དེ་ཚུའི་ནང་ གནམ་དགུན་གྱི་སྐབས་ལུ་ གནམ་གཤིས་གནས་སྟངས་ ལེགས་ཤོམ་ཡོདཔ་ད་ ལྟ་བཤལཔ་བརྒྱ་ཆ་༣༥ གིས་ ཁོང་ཆ་ཁྱབ་ འབྲུག་ལུ་འོང་དགོ་མི་དེ་ཡང་ གཙོ་བོ་ར་ གནམ་གཤིས་གནས་སྟངས་ལུ་ལྟ་སྟེ་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
དཔལ་འབྱོར་ལྷན་ཐབས་འཆར་གཞིའི་འོག་ལུ་ ལྟ་བཤལ་སྒོ་ར་གསརཔ་ སྒོ་ཕྱེས་མི་དེ་ཡང་ རྒྱལ་ཁབ་ནང་ ཡུན་ཐུབ་ཅན་གྱི་ ལྟ་བཤལ་ལས་རིམ་བཟོ་ནིའི་ ལས་འགུལ་ཚུ་གི་གྲས་ལས་ གཅིག་ཨིན་པས།
དེ་བཟུམ་སྦེ་ ལྟ་བཤལ་ཡུན་ཐུབ་བཟོ་ནིའི་དོན་ལུ་ ལས་རིམ་གཞན་ཡང་ ཁག་ལེ་ཤ་ཅིག་ར་ཡོདཔ་ད་ དེ་ཚུ་ཡང་ གཞི་རྟེན་མཁོ་ཆས་དང་ ལས་འགུལ་གསར་བཟོ་འབད་ནི་ ཞིབ་འཚོལ་འབད་ནི་ སྦྱོང་བརྡར་བྱིན་ཐོག་ ལག་ཤེས་ཅན་མཟོ་ནི་ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་འབད་ནི་ཚུ་ཨིན་པས།
ལས་རིམ་ཚུ་ཡང་ ལཱ་གོ་རིམ་༢ སྦེ་ བསྒྲིག་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ གོ་རིམ་དང་པ་དེ་ སྤྱི་ལོ་༢༠༢༠ ཟླ་༤ པ་ལས་༦ པ་ཚུན་ འགོ་འདྲེན་འཐབ་ཡོདཔ་ད་ གོ་རིམས་༢ པ་དེ་ དུས་ཅི་ སྤྱི་ཟླ་༧ པ་ལས་༡༢ པ་ཚུན་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་གི་དོན་ལུ་ གཞི་རྟེན་མཁོ་ཆས་དང་ ཐོན་སྐྱེད་ཚུ་ གོང་འཕེལ་གཏང་དགོཔ་ད་ དེ་གི་སྐབས་ལུ་ ད་ལྟོ་ཡོད་པའི་ ལྟ་བཤལ་པའི་ས་ཁོངས་དང་ སྲོལ་རྟེན་ཚུ་ གོང་འཕེལ་གཏང་ནི་དང་ འཛེས་ཆ་དང་ལྡནམ་བཟོ་ནི་ཚུ་ཨིན་པས།
དེའི་གུ་ ལམ་བདའ་སྟེ་ཡོད་པའི་ གཞི་རྟེན་མཁོ་ཆས་ཚུ་ ལེགས་བཅོས་འབད་ནི་དང་ མི་ལམ་གསརཔ་བཟོ་ནི་ དེ་ལས་ སྒར་བཅགས་སའི་ས་ཁོངས་ཚུ་ མཛེས་ཏོག་ཏོ་བཟོ་ནི་ཚུ་ཨིན་པས།
ལས་རིམ་དེ་གི་དོན་ལུ་ ཟད་འགྲོ་མ་དངུལ་ དངུལ་ཀྲམ་ས་ཡ་༤༤.༨༦ བཞག་ཡོདཔ་ད་ དེ་ལུ་བརྟེན་ ལཱ་གཡོག་གི་གོ་སྐབས་༣༤༣ ཐོན་པའི་ དམིགས་གཏད་བསྐྱེདཔ་ཨིན་པས།
གཞི་རྟེན་མཁོ་ཆས་དང་ ཅ་ཆས་གོང་འཕེལ་གྱི་ ས་ཁོངས་ཚུ་ཡང་ འབྲུག་མི་དང་ ལྟ་བཤལཔ་ཚུ་གིས་ མང་སུ་ཅིག་ ག་ཏེ་ལུ་འགྱོ་དོ་ཡོདཔ་ཨིན་ན་ལུ་ གཞི་བཞག་ཐོག་ལས་ ངོས་འཛིན་འབད་ཡོདཔ་ཨིན་པས།
ལས་རིམ་དེ་ མཇུག་བསྡུ་བའི་སྐབས་ལུ་ ལྟ་བཤལཔ་ཚུ་གི་དོན་ལུ་ འཐོན་འཛུལ་སྒོ་ར་གསརཔ་༢ སྒོ་ཕྱེ་དགོཔ་ད་ ཡུན་བརྟན་གོང་འཕེལ་གྱི་འཐུས་ཚུ་ ལག་ལེན་འཐབ་ཚུགསཔ་བཟོ་ནི་ ལག་ཤེས་ཅན་ཚུ་ལུ་ ལོག་སྦྱོང་བརྡར་འབྱིན་ནི་ ལམ་ལུགས་གཅིག་སྒྲིལ་བཟོ་ནི་ ད་ལྟོ་ ནད་ཡམས་ལུ་བརྟེན་ ལྟ་བཤལ་ལས་སྡེའི་ལས་བྱེདཔ་ གཡོག་ནང་ལས་ བཏོན་བཏང་མི་༡,༠༠༠ ལུ་ ལཱ་གཡོག་སྤྲོད་དགོཔ་ དེ་ལས་ འབྲུག་ལྟ་བཤལ་ལས་སྡེ་གིས་ ངོས་འཛིན་མ་འབད་བའི་ ཟ་ཁང་གི་རིགས་ཚུ་ དབྱེ་ཞིབ་འབད་ཚར་དགོཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༤ ལུ་ བཟོ་བཀོད་འབད་དེ་ཡོད་མི་ གུ་གཱུལ་ས་ཁྲ་དེ་ དུས་མཐུན་བཟོ་དགོཔ་ཡོདཔ་ད་ དེ་ཡང་ ད་ལྟོ་ཚུན་ འབྲུག་པའི་ས་ཁོངས་ཚུ་ནང་ གོང་འཕེལ་རྒྱ་ཆེ་དྲགས་སྦེ་ སོང་མི་ལུ་བརྟེན་ཏེ་ཨིན་པས།
དེ་གི་དོན་ལུ་ ལཱ་གཡོག་མེད་པར་ལུས་མི་ ལྟ་བཤལ་ལམ་སྟོན་པ་༡༠ དང་ པར་བཏབ་མི་ མཁས་མཆོག་ཚུ་ལུ་ དུས་ཡུན་ཟླཝ་༣ གྱི་དོན་ལུ་ ལཱ་གཡོག་སྤྲོད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *