ལོ་ཚད་མ་ལང་མི་ སློབ་ཕྲུག་༨༩༠ གི་ འཛུལ་ཞུགས་ཆ་མེད་བཏང་ཡོདཔ།

༉ ཤེས་རིག་ལྷན་ཁག་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ གཞུང་དང་ སྒེར་གྱི་སློབ་གྲྭ་ཚུ་ནང་ ལོ་ཚད་མ་ལང་པར་འཛུལ་ཞུགས་འབད་མི་ཚུ་ ཆ་མེད་བཏང་ནུག།
དེ་ཡང་ སློབ་ཕྲུག་༨༩༠ སློབ་གྲྭ་ནང་ འཛུལ་ཞུགས་སྐྱེས་ལོ་༦ མ་ལང་པའི་ཁར་ འཛུལ་ཞུགས་ངོ་རྟགས་ཚུ་ཡང་ དགོས་མཁོ་དང་འཁྲིལ་ཏེ་མེདཔ་ཨིན་པས།
ལྷན་ཁག་གིས་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ ཁྱབ་བསྒྲགས་འབད་མི་དང་འཁྲིལཝ་ད་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་ནིའི་ ཚད་གཞི་དེ་ སྐྱེས་ལོ་༦ ལང་མི་ ཡང་ཅིན་ སྤྱི་ལོ་༢༠༡༣ ཟླ་༢ པའི་ཚེས་༡༣ གྱི་ཧེ་མར་ སྐྱེས་མི་ཚུ་ བཙུགས་དགོཔ་སྦེ་ཨིན་པས།
གལ་སྲིད་ སློབ་གྲྭ་ནང་ ས་སྟོང་ཡོད་པ་ཅིན་ སྐྱེས་ལོ་༥ དང་ཕྱེད་ཡན་ཆད་ལང་མི་འབདཝ་ད་ སྤྱི་ལོ་༢༠༡༣ ཟླ་༨ པའི་ཚེས་༡༣ ལུ་ སྐྱེས་མི་ཚུ་ བཙུགས་དགོཔ་སྦེ་ ཁྱབ་བསྒྲགས་འབད་ནུག།
ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ལོ་གྲངས་མ་ཚང་པར་ ཨ་ལོ་མང་ཤོས་ར་ སྒེར་གྱི་སློབ་གྲྭ་ཚུ་ནང་ཡོད་མི་ལས་ ཨ་ལོ་༤༨༣ དེ་ ཐིམ་ཕུག་ལུང་གཤོང་གི་ སྒེར་གྱི་སློབ་གྲྭ་ཚུ་ནང་ཡོདཔ་ད་ སློབ་ཕྲུག་༩༠ ལྷགཔ་ཅིག་ སྤ་རོ་སློབ་གྲྭ་ནང་ཡོད་པའི་ཁར་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཚུ་ནང་ སློབ་ཕྲུག་༢༨ དང་༢༣ ཡོདཔ་ཨིན་པས།
གཞུང་གི་སློབ་གྲྭ་ཚུ་གི་གྲས་ལས་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ ལོ་ཚད་མ་ལྡན་མི་ སློབ་ཕྲུག་༤༢ ཡོད་མི་དེ་ མཐོ་ཤོས་དང་ དམའ་ཤོས་དེ་ བསམ་རྩེ་རྫོང་ཁག་ནང་ ཨ་ལོ་༣༢ ཡོདཔ་ཨིན་པས།
དགེ་ལེགས་ཕུག་ཁྲོམ་སྡེ་གིས་ སྐྱེས་ལོ་༦ མ་ལང་མི་ ཨ་ལོ་ཅིག་ འཛུལ་ཞུགས་ཀྱི་ ངོས་ལེན་འབད་ཡོདཔ་ད་ སློབ་ཕྲུག་གཞན་ག་ར་ རྒྱལ་ཁབ་ནང་འཁོད་ཀྱི་ གཞུང་གི་སློབ་གྲྭ་ཚུ་ནང་ བཙུགས་ཡོདཔ་བཞིན་དུ་ སྐྱེས་ལོ་༤ ལས་བརྒལ་ མ་ལང་མི་ ཨ་ལོ་ཚུ་ཡང་ འཛུལ་ཞུགས་འབད་དེ་ ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་ ལོ་གྲངས་མ་ཚང་པར་ བཙུགས་མི་ཚུ་ཡང་ ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བདེན་དཔྱད་འབད་བའི་སྐབས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
སློབ་གྲྭ་ཤེས་ཡོན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ སྒེར་གྱི་སློབ་གྲྭ་ཚུ་ནང་ ལྷན་ཁག་གི་ དབང་ཚད་བཏོནམ་མེན་པར ཤེས་རིག་གི་ སྲིད་བྱུས་དང་ ལམ་སྟོན་ཚུ་ བསྟར་སྤྱོད་འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་གྲྭ་ནང་ ལོ་ཚད་ཉིན་གྲངས་༡ མ་ཚང་པར་ འཛུལ་ཞུགས་འབད་མི་ ཨ་ལོ་ཚུ་གི་ འཛུལ་ཞུགས་ངོ་རྟགས་ཚུ་ཡང་ མེདཔ་བཟོ་ད་ཡི་ཟེར་ཨིན་པས།
འཛུལ་ཞུགས་ངོ་རྟགས་ཐོག་ལས་ སློབ་ཕྲུག་ཚུ་གི་ ཁ་གསལ་ཚུ་ ཤེས་རྟོགས་འབྱུང་ནི་ཨིནམ་ད་ གལ་སྲིད་ ངོ་རྟགས་མེད་པ་ཅིན་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ མེདཔ་བཟུམ་ཅིག་ཨིན་པས།
ལྷན་ཁག་གི་ འགོ་དཔོན་ཚུ་གིས་ གཞུང་གི་སློབ་གྲྭ་ཚུ་ནང་ ལོ་གྲངས་མ་ཚངམ་ལས་ འཛུལ་ཞུགས་འབད་མི་ལུ་བརྟེན་ སློབ་གྲྭའི་དབུ་འཛིན་ཚུ་ ཉེན་བརྡ་འབད་ཐོག་ལས་ སློབ་ཕྲུག་ཚུ་གི་ འཛུལ་ཞུགས་ ཆ་མེད་བཏང་པའི་ཁར་ སློབ་ཕྲུག་ཚུ་ཡང་ སློབ་གྲྭ་ནང་ལས་ བཏོན་བཏང་ཡི་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ སྒེར་གྱི་སློབ་གྲྭ་ཚུ་གི་ཐད་ལུ་ དུས་ཅི་ ཨ་ལོ་ཚུ་ སློབ་གྲྭ་ནང་ར་བཞག་སྟེ་ སང་ཕོད་ ལོ་ཚད་ཚངམ་ད་ ལོག་སྟེ་ར་ སློབ་རིམ་དེ་ནང་ར་ ལྷབ་བཅུག་དགོཔ་སྦེ་ གྲོས་ཐག་བཅད་དེ་ ཡོདཔ་བཞིན་དུ་ ཨ་ལོ་ཚུ་གི་ སློབ་གྲྭའི་འཐུས་ཚུ་གི་སྐོར་ལས་ རང་སོའི་སློབ་གྲྭའི་ དབུ་འཛིན་ཚུ་གིས་ ཕམ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དགོ་པའི་སྐོར་ལས་ཡང་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རེས་ གྲོས་ཐག་བཅད་མི་དེ་ཡང་ སློབ་ཕྲུག་ཚུ་གི་ ཉེན་སྲུང་ལུ་བརྟེན་ཨིནམ་མ་ཚད་ སློབ་གྲྭའི་རྩ་གཞུང་ཚུ་ཡང་ སྐྱེས་ལོ་༦ ཡན་ཆད་འབད་མི་ ཨ་ལོ་ཚུ་གི་དོན་ལུ་ བཟོ་ཡོདཔ་ད་ གལ་སྲིད་ ལོ་གྲངས་མ་ཚང་པར་ འཛུལ་ཞུགས་འབད་བ་ཅིན་ མ་འོངས་པ་ལུ་ ཀླདཔ་ལུ་དཀའ་ངལ་འབྱུང་ཉེན་ཡོད་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ སྤ་རོ་དང་ ཐིམ་ཕུག་གི་ སྒེར་གྱི་སློབ་གྲྭ་ཚུ་གིས་ དུས་ཅི་ ལོ་ཚད་མ་ལང་པར་ འཛུགས་ཞུགས་འབད་མི་ ཨ་ལོ་ཚུ་ ངོས་ལེན་ཐོག་ སང་ཕོད་ལས་ ལོ་ཚད་ལྡན་མི་ བཙུགས་ནི་སྦེ་ ལྷན་ཁག་ལུ་ ཞུ་ཡིག་བཙུགས་ནུག།
ལྷན་ཁག་ལུ་བཙུགས་མི་ ཡི་གུ་དང་འཁྲིལཝ་ད་ གཞུང་གི་སློབ་གྲྭ་ཚུ་ནང་ སྐྱེས་ལོ་༦ ལང་མི་ སློབ་ཕྲུག་ཚུ་ འཛུལ་ཞུགས་འབད་དོ་ཡོདཔ་ལས་ སྒེར་གྱི་སློབ་གྲྭ་ཚུ་ ཡུན་བརྟན་གནས་ཐབས་ལུ་ བྱ་ཐབས་མེད་པར་ ལོ་ཚད་མ་ཚང་མི་ཚུ་ བཙུགས་དགོཔ་ བྱུངམ་མས་ཟེར་བཀོད་ནུག།
སློབ་གྲྭའི་ཇོ་བདག་དང་ དབུ་འཛིན་ཚུ་གིས་ མིང་རྟགས་བཀོད་ཐོག་ལས་བཙུགས་མི་ ཞུ་ཡིག་ནང་ གཞུང་གི་སློབ་གྲྭ་ཚུ་ནང་ མ་ཤོང་མི་ སྐྱེས་ལོ་༦ མན་ཆད་འབད་མི་ སློབ་ཕྲུག་ཚུ་ སྒེར་གྱི་སློབ་གྲྭ་ནང་ བཙུགས་ཐབས་འབད་གནང་ཟེར་བཀོད་ནུག།
ཁོང་གིས་འབད་བ་ཅིན་ ད་ལྟོ་ ག་ར་དཔེ་ཆ་ལྷབ་པའི་བསྒང་ཨིནམ་མ་ཚད་ ཕམ་ཚུ་གིས་འབད་རུང་ འཐུས་ཚུ་བྱིན་ཡོདཔ་ལས་ དུས་ཅིའི་དོན་ལུ་ ངོས་ལེན་འབད་གནང་ཟེར་ཨིནམ་ད་ གཞུང་གི་སློབ་གྲྭ་ཚུ་གིས་ སློབ་ཁང་ནང་ སློབ་ཕྲུག་༢༤ ལས་བརྒལ་ བཞག་ནི་མེད་པའི་ སྒྲིག་གཞི་ཚུ་ཡང་ རྒྱུན་སྐྱོང་འབད་དགོཔ་འདུག་ཟེར་ཨིན་པས།
དེ་ལས་ སློབ་ཕྲུག་ཚུ་གི་ ཚད་གཞི་མར་ཕབ་འབད་བ་ཅིན་ སློབ་ཁང་ཚུ་ གསརཔ་རྐྱབ་དགོཔ་བཞིན་དུ་ གལ་སྲིད་ རྐྱབ་མ་ཚུགས་པ་ཅིན་ ཀུན་ཚང་ཤེས་ཡོན་ལུ་ དཀའ་ངལ་འབྱུང་འོང་ཟེར་ཨིན་པས།
དེ་འབདཝ་ད་ ལྷན་ཁག་གིས་ སྒེར་གྱི་སློབ་གྲྭ་ཚུ་གིས་ ཞུ་བ་འབད་མི་དེ་ ངོས་ལེན་འབད་མ་བཏུབ་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་མིའི་ནང་ སྒེར་གྱི་སློབ་གྲྭ་ ལ་ལོ་ཅིག་གིས་ ཨ་ལོ་ཚུ་ སྐྱེས་ལོ་༦ ཡན་ཆད་ བཙུགས་དགོ་པའི་ ཤེས་རྟོགས་བྱུང་རུང་ འཛུལ་ཞུགས་འབད་བཅུག་པའི་ཁར་ ལ་ལོ་ཅིག་ ཕམ་ཚུ་གིས་ ཨུ་ཚུགས་བསྐྱེད་ཐོག་ལས་ འཛུལ་ཞུགས་འབད་ནུག་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *