སྤྱི་ཟླ་༦ པའི་ཚེས་༡༢ ལུ་ ཨ་ལོའི་ཕམ་དང་ སྒེར་གྱི་སློབ་གྲྭ་ཚུ་གི་ ངོ་ཚབ་ཚུ་གིས་ བློན་ཆེན་ལུ་ ཞུ་བ་ཕུལ་བའི་བསྒང་།

ལོ་ཚད་མ་ལང་པར་ འཛུལ་ཞུགས་འབད་མི་ཚུ་ ལོག་ཆ་གནས་གནང་དགོ་པའི་ཞུ་བ།

༉ ཤེས་རིག་ལྷན་ཁག་གིས་ གཞུང་དང་ སྒེར་གྱི་སློབ་གྲྭ་ཚུ་ནང་ བློ་གསར་སློབ་རིམ་ནང་ ལོ་ཚད་མ་ལང་པར་ འཛུལ་ཞུགས་འབད་མི་དེ་ ཆ་མེད་བཏང་པའི་ཤུལ་ལས་ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ སློབ་གྲྭའི་ཇོ་བདག་དང་ དབུ་འཛིན་ དེ་ལས་ ཕམ་ཚུ་གིས་ བློན་ཆེན་ལུ་ ཞུ་ཡིག་ཕུལ་ཡི།
སློབ་གྲྭའི་ཇོ་བདག་གི་ ངོ་ཚབ་དང་ ཕམ་ཚུ་གིས་ མིང་རྟགས་བཀོད་ཐོག་ལས་ཕུལ་མི་ ཞུ་ཡིག་ནང་ དུས་ཅི་ སློབ་དུས་ནང་ ལོ་ཚད་མ་ལང་པར་ འཛུལ་ཞུགས་འབད་མི་ ཨ་ལོ་ཚུ་ གཏན་འཇགས་ཀྱི་ སློབ་ཕྲུག་སྦེ་ ངོས་ལེན་གནང་དགོཔ་སྦེ་བཀོད་ནུག།
ད་རུང་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་ཀྱི་ ལོ་ཚད་དེ་ སྤྱི་ལོ་༢༠༡༩ ཟླ་༣ པ་ཚུན་ཚོད་ སྐྱེས་ལོ་༥ སྦེ་ བཞག་གནང་ཟེར་ཞུ་ཡི།
ཤེས་རིག་ལྷན་ཁག་གིས་ སྤྱི་ཟླ་༥ པའི་ནང་ རྒྱལ་ཁབ་ནང་འཁོད་ཀྱི་གཞུང་དང་ སྒེར་གྱི་སློབ་གྲྭ་ཚུ་ནང་ སྐྱེས་ལོ་༦ མ་ལང་མི་ སློབ་ཕྲུག་༨༩༠ འཛུལ་ཞུགས་འབད་མི་ཚུ་དང་ ཁོང་གི་ངོ་རྟགས་ཚུ་ཡང་ ཆ་མེད་བཏང་ཡོདཔ་ཨིན་པས།
ངོ་རྟགས་དེ་ སློབ་ཕྲུག་ཚུ་གི་ ཁ་གསལ་ཚུ་ ཐོབ་ཚུགས་པའི་ཁར་ གལ་སྲིད་ ངོ་རྟགས་མེད་པ་ཅིན་ སློབ་ཕྲུག་གི་གྲངས་སུ་ མི་ཚུད་ནི་ཨིནམ་ད་ དེ་ཡང་ ལྷན་ཁག་གིས་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ ཁྱབ་བསྒྲགས་འབད་མི་དང་འཁྲིལ་ཏེ་ཨིན་པས།
བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་ནིའི་ ལོ་ཚད་དེ་ སྐྱེས་ལོ་༦ ལང་མི་ ཡང་ཅིན་ སྤྱི་ལོ་༢༠༡༣ ཟླ་༢ པའི་ཚེས་༡༣ གྱི་ཧེ་མར་ སྐྱེས་མི་ཚུ་ བཙུགས་ཆོག་ནི་ཨིནམ་ད་ གལ་སྲིད་ སློབ་གྲྭ་ནང་ ས་སྟོང་ཡོད་པ་ཅིན་ སྐྱེས་ལོ་༥ དང་ཕྱེད་ཡན་ཆད་ལང་མི་འབདཝ་ད་ སྤྱི་ལོ་༢༠༡༣ ཟླ་༨ པའི་ཚེས་༡༣ ལུ་ སྐྱེས་མི་ཚུ་ བཙུགས་དགོཔ་སྦེ་ ཁྱབ་བསྒྲགས་འབད་ནུག།
ཞུ་ཡིག་བཙུགས་མི་ཚུ་གིས་ སླབ་མིའི་ནང་ སྤྱི་ཟླ་༥ པའི་ཚེས་༡༣ ལུ་ ཁོང་རའི་ ཚ་གྱང་དང་ གནད་དོན་ཚུ་ ཤེས་རིག་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ལུ་ ད་ལྟོ་ སྒེར་གྱི་སློབ་གྲྭའི་ གནས་སྟངས་ཚུ་གི་སྐོར་ལས་ བརྗེ་སོར་འབད་ཡི་ཟེར་ཨིན་པས།
དེ་ལས་ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ ཐིམ་ཕུག་དང་ སྤ་རོ་ལུ་ཡོད་མི་ སྒེར་སྡེ་སློབ་གྲྭ་ག་ར་གིས་ གནད་དོན་དེ་གིས་ གནོད་པ་བྱུང་མི་ ཕམ་༥༠༠ དེ་ཅིག་དང་ གློ་བུར་གྱི་ ཞལ་འཛོམས་འཚོགས་པའི་སྐབས་ བསམ་འཆར་བརྗེ་སོར་འབད་ཡོདཔ་མ་ཚད་ ཨ་ལོ་ཚུ་ སློབ་གྲྭ་ནང་ར་ བཞག་དགོ་པའི་སྐོར་ ཞུ་བ་ཕུལ་ནི་སྦེ ཐག་བཅད་ཅི་ཟེར་ ཞུ་ཡིག་ནང་བཀོད་ནུག།
ཨིན་རུང་ གྲོས་ཆོད་ལུ་ བསྒྱུར་བཅོས་མེདཔ་ལས་ ཁོང་གིས་ ཤེས་རིག་བློན་པོ་དང་ དྲུང་ཆེན་ལུ་བཅར་ཏེ་ དུས་ཅིའི་འཛུལ་ཞུགས་དེ་ ལོག་ཆ་གནས་མཛད་དགོ་པའི་ ཞུ་བ་ཕུལ་ཡོདཔ་མ་ཚད་ སྐྱེས་ལོ་༥ ཡན་ཆད་འབད་མི་ ཨ་ལོ་ཚུ་གིས་ བློ་གསར་སློབ་རིམ་གྱི་ རྩ་གཞུང་བལྟ་ནི་ལུ་ གྲ་སྒྲིག་འགྱོ་ཡོད་ཟེར་ ཞུ་བ་ཕུལ་ཡོད་རུང་ བློན་པོ་གིས་ ཞིབ་དཔྱད་ཐོག་ སྙན་ཞུ་འབད་འོང་ཟེར་ གསུངས་ཡི་ཟེར་ཨིན་པས།
སྒེར་གྱི་སློབ་གྲྭའི་ དབུ་འཛིན་ཚུ་གིས་ སླབ་མིའི་ནང་ མ་འོངས་པའི་ ཨ་ལོ་ཚུ་ སྒྲིང་སྒྲི་བཟོ་ནིའི་ལས་ བརྩོན་ཤུགས་ཐེབས་བསྐྱེད་དོ་ཡོདཔ་མ་ཚད་ སློབ་ཕྲུག་འཛུལ་ཞུགས་ཀྱི་ ཁྱབ་བསྒྲགས་དེ་ཡང་ གཞུང་གི་སློབ་གྲྭ་ཚུ་ནང་མ་གཏོགས་ སྒེར་གྱིས་མ་ཐོབ་ཟེར་ཨིན་པས།
ཁོང་གིས་ གལ་སྲིད་ སྲིད་བྱུས་བསྒྱུར་བཅོས་རྐྱབ་མ་ཚུགས་རུང་ འཛུལ་ཞུགས་དེ་ ངོས་ལེན་འབད་གནང་ཟེར་ཞུ་བའི་ཁར་ སང་ཕོད་ལས་ ཁྱབ་བསྒྲགས་དེ་ལུ་ གནས་འོང་ཟེར་ཨིན་པས།
དབུ་འཛིན་ལ་ལོ་ཅིག་གིས་ སླབ་མིའི་ནང་ གཞུང་གི་སློབ་གྲྭ་ཚུ་གིས་ ལོ་ཚད་མ་ལང་པར་ འཛུལ་ཞུགས་འབད་མི་ཚུ་ དེ་འཕྲོ་ལས་ བཏོན་བཏང་ཡོདཔ་ལས་ དེ་བཟུམ་མའི་ ལམ་ལུགས་དེ་ ལེགས་ཤོམ་མེན་པས་ཟེར་ཨིན་པས།
ཕ་མའི་འཐུས་མི་ཚུ་གིས་ སློབ་གྲྭ་ནང་ འཛུལ་བཞུགས་འབད་ནི་གི་ ལོ་ཚད་སྐོར་ལས་ མ་ཤེས་པའི་ཁར་ སློབ་གྲྭ་ཚུ་གིས་འབད་རུང་ སྙན་ཞུ་མ་འབད་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གལ་སྲིད་ སང་ཕོད་སློབ་དུས་ནང་ ཨ་ལོ་ཚུ་ སློབ་རིམ་དེ་ནང་ར་ ལྷབ་བཅུག་པ་ཅིན་ ཁོང་གི་ སེམས་ཁམས་ལུ་ གནོད་པ་འབྱུང་ནིའི་ ཉེན་ཁ་ཡོདཔ་ལས་ ད་རེས་ སློབ་གྲྭ་ནང་ར་ བཞག་ནི་ཡོདཔ་ཅིག་ མཛད་གནང་ཟེར་ བློན་ཆེན་ལུ་ ཞུ་ཡི།
དབུ་འཛིན་ཅིག་གིས་ སླབ་མིའི་ནང་ ལོ་ཚད་ཀྱི་སྐོར་ལས་ ཕམ་ཚུ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིནམ་ད་ ཕམ་མང་ཤོས་ཅིག་གིས་ ཁོ་རའི་ཨ་ལོ་ཚུ་ གཞུང་གི་སློབ་གྲྭ་ནང་ འཛུལ་ཞུགས་མ་ཐོབ་མི་ལུ་བརྟེན་ ཞུ་བ་འབད་བཞིན་དུ་ སློབ་གྲྭ་ཚུ་གིས་ ངོས་ལེན་འབད་ཡི་ཟེར་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ འཐུས་མི་ཚུ་ལུ་ དེ་འཕྲོ་ལས་ དཀའ་ངལ་སེལ་ཐབས་མེདཔ་ལས་ ཤེས་རིག་ལྷན་ཁག་དང་ བསྟུན་གྲོས་འབད་དེ་ ཨ་ལོ་ཚུ་ གཏན་འཇགས་སྦེ་ བཞག་ནི་གི་ འོས་འབབ་བལྟ་འོང་ཟེར་ཨིན་པས།
གྲོས་ཐག་ག་ཅི་ར་ བཅད་དེ་འབད་རུང་ གྲོང་གསེབ་ཚུ་ལུ་ཡང་ ལག་ལེན་འཐབ་འོང་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ ཞུ་བ་དེ་ལུ ངོས་ལེན་མ་འབད་བའི་ཧེ་མར་ གནད་དོན་གཞན་ཚུ་ ངོས་ལེན་འབད་དགོཔ་འདུག་ཟེར་གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ ཤེས་རིག་ལྷན་ཁག་ལུ་ ལོ་ཚད་མ་ལང་པའི་ སློབ་ཕྲུག་ཚུ་ འཛུལ་ཞུགས་འབད་བཅུག་ནི་ མི་འོང་ཟེར་ སླབ་སྟེ་ཡོདཔ་བཞིན་དུ་ ད་རེས་ལན་ཐེངས་གཅིག་ སློབ་ཕྲུག་ཚུ་གི་དོན་ལུ་ཨིན་པ་ཅིན་ ངོས་ལེན་འབད་དགོཔ་འོང་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *