ལོ་ཐོག་ཚུ་གི་ ཕྱིར་ཚོང་མར་ཉམས་སོང་ཡོདཔ།

༉ འབྲུག་ཟ་སྤྱོད་ལས་འཛིན་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ དང་ཕྱདཔ་ད་ སྤྱི་ལོ་༢༠༡༨ ལུ་ རིན་བསྡུར་ཚོང་བསྒྱུར་ཐོག་ལས་ ཕྱིར་ཚོང་འཐབ་མི་ ལོ་ཐོག་ཚུ་གི་གྲས་ལས་ ཀེ་བ་དང་ རྡོག་མའི་ཐོན་སྐྱེད ཡར་སེང་སོང་ཡོད་རུང་ ཚོད་བསྲེ་གཞན་དང་ ཤིང་འབྲས་ཀྱི་ཐོན་སྐྱེད་ཚུ་ མར་ཉམས་སོང་ཡོདཔ་ཨིན་པས།
སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ སྤྱི་ལོ་༢༠༡༨ ཟླ་༡ པ་ལས་༡༢ པ་ཚུན་གྱི་ གནས་སྡུད་དང་འཁྲིལཝ་ད་ ན་ཧིང་ རིན་བསྡུར་ཚོང་བསྒྱུར་ཐོག་ལས་ ཀེ་བ་མེ་ཊིག་ཊཱོན་༣༡,༥༣༣ ཕྱིར་ཚོང་འཐབ་མི་དེ་ སྤྱི་ལོ་༢༠༡༧ དང་ཕྱདཔ་ད་ བརྒྱ་ཆ་༢༣ ཡར་སེང་སོང་ནུག།
ཀེ་བ་དམརཔོ་དང་དཀརཔོ་ཟེར་ ལྷམ་པ་གཉིས་ཡོད་ས་ལས་ མཐོ་ཤོས་ཀེ་བ་དམརཔོ་མེ་ཊིག་ཊཱོན་༢༧,༣༧༦ དང་ ཀེ་བ་དཀརཔོ་མེ་ཊིག་ཊཱོན་༤༡༥༧ ཕྱིར་ཚོང་འཐབ་མི་ལས་ འོང་འབབ་དངུལ་ཀྲམ་ས་ཡ་༦༤༩.༢༤ ཐོབ་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ བསྡོམས་ཀྱིས་ ཀེ་བ་མེ་ཊིག་ཊཱོན་༢༥,༨༦༧ ཕྱིར་ཚོང་འཐབ་མི་ལས་ དངུལ་ཀྲམ་ས་ཡ་༣༥༦.༥༦ ཐོབ་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༨ ལུ་བརྒྱ་ཆ་༨༢ ཡར་སེང་སོང་ནུག།
དེ་བཟུམ་སྦེ་ ཚོད་བསྲེ་ཚུ་གི་གྲས་ལས་ ཕྱིར་བཙོང་འཐབ་མི་མཐོ་ཤོས་ འདབ་མ་ཀོ་པི་ཨིནམ་ད་ འདས་པའི་ལོ་ནང་ ཀོ་པི་མེ་ཊིག་ཊཱོན་༡,༧༨༨ དང་ དེ་གི་ཤུལ་ལས་ ལ་ཕུག་དམརཔོ་མེ་ཊིག་ཊཱོན་༧༧༧ ཕྱིར་བཙོང་འཐབ་ནུག།
སྤྱི་ལོ་༢༠༡༧ ལུ་ འདབ་མ་ཀོ་པི་ མེ་ཊིག་ཊཱོན་༢,༤༤༤ ཕྱིར་བཙོང་འཐབ་མི་དང་འཁྲིལཝ་ད་ བརྒྱ་ཆ་༢༧ མར་བབས་སོང་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༡༨ ལུ་ བོད་སྲནམ་མེ་ཊིག་ཊཱོན་༡༤༦ ཕྱིར་ཚོང་འཐབ་མི་དེ་ སྤྱི་ལོ་༢༠༡༧ ལུ་ མེ་ཊིག་ཊཱོན་༡༨༩ ཕྱིར་བཙོང་འཐབ་མི་དང་ཕྱདཔ་ད་ བརྒྱ་ཆ་༢༣ མར་བབས་སོང་ཡོདཔ་ད་ ཚོད་བསྲེའི་རིགས་ཚུ་ ཕྱིར་ཚོང་འཐབ་མི་ལས་ དངུལ་ཀྲམ་ས་ཡ་༩༣.༥༢ ཐོབ་མི་དེ་ བརྒྱ་ཆ་༡༩ མར་བབས་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རིན་བསྡུར་ཚོང་སྒྱུར་ནང་ མང་ཤོས་བཙོང་མི་ ཤིང་འབྲས་༣ གྱི་གྲས་ལས་ ཚལ་ལུ་དང་ ཨེ་པཱལ་གྱི་ཐོན་སྐྱེད་ མར་བབས་སོང་ཡོད་རུང་ རྡོག་མའི་ཐད་ཁར་ ཡར་སེང་སོང་ནུག།
དེ་ཡང་ སྤྱི་ལོ་༢༠༡༨ ལུ་ ཚལ་ལུ་མེ་ཊིག་ཊཱོན་༥༥༨ རྐྱངམ་གཅིག་ ཚོང་བསྒྱུར་འཐབ་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ མེ་ཊིག་ཊཱོན་༦༦༧ ཕྱིར་བཙོང་འཐབ་མི་དང་ཕྱདཔ་ད་ བརྒྱ་ཆ་༡༦ མར་བབས་སོང་ཡོདཔ་བཞིན་དུ་ དེ་གིས་ དངུལ་ཀྲམ་ས་ཡ་༡༡.༤༨ ཐོབ་མི་དེ་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲབ་ས་ཡ་༡༥.༢༨ དང་ཕྱདཔ་ད་ བརྒྱ་ཆ་༢༥ གིས་ མར་ཕབ་སོང་ནུག།
དེ་བཟུམ་སྦེ་ ཨེ་པཱལ་ཡང་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་ས་ཡ་༠.༦༦ གནས་པའི་ མེ་ཊིག་ཊཱོན་༢༨ དང་ཕྱདཔ་ད་ འདས་པའི་ལོ་ནང་ དངུལ་ཀྲམ་ས་ཡ་༠.༢༨ གནས་པའི་ མེ་ཊིག་ཊཱོན་༡༢ གུ་བབས་མི་དེ་ ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༥༦ དང་ འོང་འབབ་ཀྱི་ཐད་ཁར་ བརྒྱ་ཆ་༥༨ མར་བབས་སོང་ནུག།
ཨིན་རུང་ རྡོག་མའི་ཐད་ལུ་ མེ་ཊིག་ཊཱོན་༤༨༥ ཕྱིར་ཚོང་འཐབ་མི་དེ་ སྤྱི་ལོ་༢༠༡༧ ལུ་ མེ་ཊིག་ཊཱོན་༥༣༩ གུ་ཡར་སེང་སོངམ་དང་འབྲེལ་ འོང་འབབ་ཡང་ དངུལ་ཀྲམ་ས་༡༠.༩༠ བཟོ་མི་དེ་ བརྒྱ་ཆ་༩ གིས་ ཡར་སེང་སོང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *