ལོ་༡ འཁོར་བའི་ གཞུང་སྐྱོང་གྲུབ་འབྲས་སྙན་ཞུ།

༉ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་ནི་འགོ་བཙུགས་ཏེ་ ལོ་༡ ལང་ཡོདཔ་བཞིན་དུ་ འཆར་གཞི་གོང་འཕེལ་གྱི་ལས་རིམ་དང་ ལས་འཆར་ག་ཅི་ཨིན་རུང་ སྤུས་ཚད་ཅན་དང་ ཡུན་བརྟན་སྦེ་ ཕྱག་ལཱ་གནང་ཐབས་ཀྱི་ གཞི་འགྱམ་བཙུགས་གནང་ཡི་ཟེར་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་ལུ་སྦེ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གཞུང་དབུ་བརྙེས་ཏེ་ ལོ་༡ ལངམ་ད་ གྲུབ་འབྲས་ཐོན་ཡོད་མི་ཚུ་ རྒྱང་མཐོང་ཊི་བི་དང་ མི་སྡེ་བརྡ་བརྒྱུད་ཚུ་ནང་ དངོས་མཐོང་སྦེ་ གསལ་བཤད་གནང་ཡི།
བློན་ཆེན་གྱིས་འབད་བ་ཅིན་ གཞུང་གིས་ གྲུབ་འབྲས་འདི་དང་འདི་ཨིན་ཟེར་ བཏོན་ནི་མེདཔ་ལས་ མི་སེར་ཚུ་གིས་ ཁ་ཉེས་བཀལ་དོ་ཡོད་རུང་ གཞུང་གིས་ དམིགས་གཏད་ངོ་མ་ར་ ལོ་༥ འི་གནས་ཡུན་གྱི་སྐབས་ དམིགས་གཏད་བསྐྱེད་དོ་བཟུམ་སྦེ་ གྲུབ་འབྲས་གཏོན་ཐབས་ལུ་ གཞི་འགྱམ་གུ་ ཕྱག་ལཱ་གནང་ཡི་ཟེར་ཨིན་པས།
གྲུབ་འབྲས་སྦོམ་ཤོས་ར་ གློག་ཤུགས་མེ་ག་ཝཱཌ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་དང་ ཞི་གཡོག་གི་ དངུལ་ཕོགས་ཡར་སེང་རྐྱབ་མི་ སློབ་རིམ་༡༠ པའི་ སྐུགས་ཚད་མེདཔ་བཟོ་མི་ དེ་ལས་ གཞུང་སྐྱོང་ལེགས་ལྡན་དང་ འཆར་གཞི་༡༢ པའི་ལས་རིམ་ཚུ་གུ་ ཕྱག་ལཱ་གནང་ཡི་ཟེར་ཨིན་པས།
བློན་ཆེན་བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ གཞུང་གིས་ ཕྱག་ལཱ་གནང་མི་ཚུ་ མི་ཚུ་གིས་ ཤེས་རྟོགས་དང་ མཐོང་མ་ཚུགསཔ་ལས་ ཡིད་ཆེས་དང་ ངལ་རངས་བསྐྱེད་མིན་འདུག་ཟེར་ཨིན་པས།
འཆར་གཞི་༡༢ པའི་ཟིན་བྲིས་དེ་ འདས་པའི་གཞུང་གི་སྐབས་ བརྩམས་ཡོདཔ་ལས་ ད་རེས་ གཞུང་གིས་ འཕྲི་སྣོན་དང་ བསྒྱུར་བཅོས་འབད་མ་ཚུགསཔ་མ་ཚད་ ལོག་འཆར་གཞི་བརྩམ་ནི་ལུ་ དུས་ཚོད་གངམ་མེདཔ་ལས་ ཟིན་བྲིས་དེ་གུ་ གཞི་བཞག་སྟེ་ ཕྱག་ལཱ་གནང་དགོཔ་བྱུངམ་ད་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
གཞུང་གིས་ འཆར་གཞི་དེ་གུ་ ཕྱག་ལཱ་གནང་སྟེ་ ཟླཝ་༥ ལང་པའི་ཁར་ འཆར་ལོ་དང་པའི་དོན་ལུ་ མ་དངུལ་ཆ་འཇོག་གནང་ནི་ལུ་ ལོ་ཕྱེད་འགོར་སོ་ཡི་ཟེར་ཨིནམ་ད་ འཆར་གཞི་༡༢ པ་དེ་ འདས་པའི་གཞུང་གི་ལྟ་བ་དང་ གཞི་རྩ་ཐོག་ལུ་ བརྩམས་ཡོདཔ་ལས་ དེ་འཕྲོ་ལས་ གཞུང་གསརཔ་གིས་ འཆར་གཞིའི་གནད་དོན་གུ་ ཕྱག་ལཱ་གནང་ནི་ལུ་ གདོང་ལེན་བྱུང་ཡི་ཟེར་ཨིན་པས།
གཞུང་ལུ་ དམིགས་བསལ་གྱི་ལས་རིམ་༩ ཡོད་པའི་གྲས་ལས་ ལས་རིམ་༥ གོང་འཕེལ་བཏང་ཡོདཔ་ད་ དེ་གི་དོན་ལུ་ མ་དངུལ་ དངུལ་ཀྲམ་ཐེར་འབུམ་༡༥ བཞག་སྟེ་ཡོད་ཟེར་ཨིན་པས།
ན་གཞོན་ཚུ་ མཐོ་རིམ་ཤེས་ཚད་ཀྱི་ གྱངས་ཁ་དགོཔ་མེན་པར་ ལག་རྩལ་དང་རིག་རྩལ་གྱི་ ཤེས་ཡོན་མཐར་འཁྱོལ་དགོཔ་ལས་ ལས་གཡོག་ལྷན་ཁག་ལས་ ལག་རྩལ་དང་ སྦྱོང་བརྡར་སྤེལ་ཁང་དེ་ བཏོན་ཞིནམ་ལས་ རང་དབང་གི་ལས་སྡེ་ཅིག་བཟོ་ནི་སྦེ་ ཆ་འཇོག་གྲུབ་ཅི་ཟེར་ཨིན་པས།
ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ཐབས་ལུ་ སློབ་དཔོན་ཚུ་གི་ འཐུས་མི་ཡར་སེང་འབད་བའི་ཁར་ གཙུག་ལག་སློབ་སྡེ་འོག་གི་ སློབ་དཔོན་ཚུ་གི་འཐུས་དང་ བསམ་རྩེ་དང་ སྤ་རོ་སློབ་སྦྱོང་འབད་མི་ཚུ་གི་འཐུས་ཚུ་ ཡར་སེང་འབད་ཡི་ཟེར་ཨིན་པས།
གསོ་བའི་ཞབས་ཏོག་ སྤུས་ཚད་དང་ལྡནམ་སྦེ་ བྱིན་ནིའི་དོན་ལས་ སྐྱེ་རྒ་ན་འཆིའི་ ཞབས་ཏོག་བྱིན་ནི་ལུ་ གཙོ་རིམ་བཟུང་ཡི་ཟེར་ཨིནམ་ད་ དབང་པོ་སྒོ་ལྔ་མ་ཚངམ་སྦེ་སྐྱེས་མི་དེ་ ཨ་ལོ་ཕོཝ་ནང་ཆགས་པའི་སྐབས་ སྨན་བཅོས་ཚུ་ དུས་མཐུན་མ་ལེན་པའི་དཀའ་ངལ་དེ་ ཨ་ལོ་སྐྱེས་བའི་ཉིནམ་ལས་འགོ་བཙུགས་ ཉིན་གྲངས་༡༠༠༠ མ་འགྱོ་ཚུན་ གསོ་བའི་ཞབས་ཏོག་ ལེན་དགོཔ་གལ་ཆེ་ཟེར་ཨིན་པས།
དེ་བཟུམ་སྦེ་ གཞུང་གིས་ ས་གཏེར་དང་རྡོ་གཏེར་གྱི་ བཅའ་ཁྲིམས་བརྩམས་ཡོདཔ་མ་ཚད་ ཁྲལ་བསྡུ་ལེན་འབད་ཐངས་ཀྱི་ བྱ་སྒོའི་ལམ་ལུགས་དང་ སྲིད་བྱུས་གུ་ ཞིབ་འཚོལ་འབད་བའི་བསྒང་ཡོདཔ་ལས་ གནམ་དགུན་གྱི་ ཚོགས་ཐེངས་ནང་ གྲོས་གཞི་སྦེ་ བཙུགས་ནིའི་འཆར་གཞི་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི།
སྒེར་སྡེ་ཡར་རྒྱས་གཏང་ནི་དེ་ ཧེ་མའི་ལས་ ཤེས་རྟོགས་བྱུང་ཡོད་རུང་ ལཱ་འབད་མ་ཚུགས་མི་དེ་ ད་རེས་ ཚོགས་ཆུང་ཅིག་ གཞི་བཙུགས་ཡོདཔ་ད་ འབྲུག་ནང་འཁོད་ལས་ཐོན་མི་ བཞེས་སྒོ་ཚུ་ འབྲུག་པའི་ མི་སེར་བརྒྱ་ཆ་༨༠ དེ་ཅིག་གིས་ ལོངས་སྤྱོད་ཐབས་ལུ་ ཤེས་རིག་དང་ གསོ་བ་ཚུ་ མཉམ་རུབ་ཐོག་ལས་ ཞིབ་འཚོལ་འབད་ནི་ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པའི་གཞུང་ཟེར་ འབོ་ནི་མེན་པར་ འབྲུག་གཞུང་ཨིན་ཟེར་ འབོ་དགོ་ནི་དང་ འཆར་གཞི་གོང་འཕེལ་གྱི་ལཱ་ཚུ་ག་ར་ མཉམ་རུབ་ཐོག་ལསས་ ལཱ་འབད་དེ་ གྲུབ་འབྲས་གཏོན་གེ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *