ཀྲོང་གསར་རྫོང་ཁག་ཁྲིམས་འདུན།

ལེགས་སྦྱར་བ་བགྲེསཔ་༣ ལུ་ ཁྲིམས་སྲུང་འགག་སྡེ་ལས་ བརྒལ་ལན་མ་འདྲཝ་མེདཔ།

༉ ད་ལྟོ་ ཀྲོང་གསར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་བགྲེསཔ་༣ ལུ་ བརྡབ་གསིག་གི་ འཁྲིག་ཆགས་ཉེས་འཛུགས་དང་འབྲེལ་བའི་ རྩོད་བཤེར་འབད་བའི་བསྒང་ཡོད་མི་དེ་ནང་ ཁྲིམས་སྲུང་འགག་སྡེའི་ཧོངས་ལས་ བརྒལ་ལན་ཕུལ་མིའི་ གནད་དོན་མང་ཤོས་ར་ ཧེ་མ་ལས་ ཞུ་ཚར་མི་ཚུ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༡༠ ལུ་ རྩོད་ཟླ་ལེགས་སྦྱར་བ་གསུམ་ཀྱིས་ཕུལ་མི་ བརྒལ་ལན་ལུ་ ཁྲིམས་སྲུང་འགག་སྡེ་གིས་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ ཤོག་གྲངས་༤ འབད་མི་ བརྒལ་ལན་ཕུལ་མིའི་ནང་བཀོད་ནུག།
འགག་སྡེའི་ངོ་ཚབ་ཀྱིས་ བརྒལ་ལན་ཞུ་ཡིག་ནང་ སྤ་རོ་ལས་ཨིན་མི་ ཉེས་འཛུགས་ཅན་གྱིས་ སྤྱི་ལོ་༢༠༡༨ ལུ་ སྒང་སྟོད་དགོན་པ་ལུ་ སོང་བའི་སྐབས་ ཁོ་རའི་དམིགས་བསལ་མགྱོནམ་སློབ་ཕྲུག་བུམོ་ལུ་ དང་འདོད་མེད་རུང་ ཨུ་ཚུགས་རྐྱབ་སྟེ་ སྣུམ་འཁོར་ནང་བཙུགས་ཏེ་ ཁྱིད་ཡོད་པའི་ཁར་ ནུབ་མོ་གཉིས་པའི་ནང་ མེ་སྒོར་བཟོ་སྟེ་ ཞབས་ཁྲ་འཐེན་ཐོག་ སྤྲོ་སྟོན་པའི་སྐབས་ ཉམས་རྒུདཔ་དང་གཅིག་ཁར་བྱུང་བའི་ གནད་དོན་དེ་ཡང་ ངེས་བདེན་ཨིན་ཟེར་བཀོད་ནུག།
ཉེས་འཛུགས་ཅན་གྱིས་ དྲན་བསྐུལ་སྦེ་ སློབ་ཕྲུག་ཕོ་མོ་དབྱེ་བ་མེད་པར་ ཉེས་བྱ་བཟུམ་ཅིག་སྦེ་ འབད་ཡི་ཟེར་ བཀོད་ཡོད་མིའི་ཐད་ལུ་ ཉེས་འདོགས་པ་གིས་འབད་བ་ཅིན་ ཉེས་འཛུགས་ཅན་ཁོ་ར་གིས་ སེན་མོ་བཏབ་ཅི་ཟེར་ ཁ་བཟེད་ཡོད་རུང་ སློབ་ཕྲུག་བུམོ་མང་ཤོས་ཀྱིས་ ཨེ་ཙི་འོག་ལུ་ སེན་མོ་བཏབ་མི་དེ་ མི་གི་གདོང་ཁར་ བྱ་སྟབས་མ་བདེ་ཁག་ཁ་དང་ ངོ་ཚ་སི་སི་ཚོརཝ་ལས་ ཁོ་ར་ སློབ་དཔོན་ཤ་ཚཝ་ཨིན་མེན་གྱི་ རྣམ་གཞག་མེན་པར་ སྤྱིར་བཏང་སློབ་ཕྲུག་བུམོ་ཚུ་གིས་ བརྡབ་གསིག་གི་ འཁྲིག་ཆགས་སྦེ་ ཚོར་ཡོདཔ་བཞིན་དུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༠༥ པ་ལས་ འགལ་ནུག་ཟེར་ཨིན་པས།
ད་རུང་ ཆང་བྱིན་ཡོདཔ་སྦེ་ ཉེས་འཛུགས་ཅན་ ཁོ་ར་གིས་ ཁ་བཟེད་ཡོདཔ་བཞིན་དུ་ ཆང་ཕུད་ཀྱི་ བདུད་རྩི་ཁ་ནང་ བླུག་བྱིན་སྲོལ་ག་དེ་སྦེ་ཡོད་ག་ འདི་ལུ་ཆ་བཟུང་གནང་དགོཔ་དང་ བུམ་ཐང་ལུ་ སློབ་ཕྲུག་བུམོ་ཅིག་ལུ་ ཆང་ཁ་ནང་ བླུགས་བྱིན་པའི་སྐབས་ སྦོ་ལོགས་ཁའི་ བུམོ་དེ་གིས་ཡང་ མོ་སེམས་མ་དགའ་བར་ཡོདཔ་ མཐོང་པའི་ཁར་ མོ་རྐྱངམ་གཅིག་མེན་པར་ སློབ་ཕྲུག་གཞན་ལེ་ཤ་གིས་ར་ ངག་བརྗོད་ནང་ གསལ་ཏོག་ཏོ་བཀོད་དེ་ཡོདཔ་ལས་ གོ་སྐབས་ལེན་ཏེ་ ཉེས་འཛུགས་ཁ་སྐོང་ཕུལ་བའི་ ལོ་རྒྱུས་ཨིན་ར་མེན་ཟེར་ འགག་སྡེའི་ངོ་ཚབ་ཀྱིས་ བརྒལ་ལན་ཕུལ་ནུག།
སློབ་ཕྲུག་ཚུ་གིས་ ཟུར་ཐེབས་སློབ་ཚན་ནང་ ཨིན་ཅི་མིན་ཅི་ འོང་དགོ་ག་ཟེར་ དྲི་བའི་སྐབས་ ཉེས་འཛུགས་ཅན་གྱིས་ རང་སོའི་བློ་འདོད་དང་བསྟུན་ཨིན་ཟེར་ སླབ་པའི་ཤུལ་ལས་ སྒེར་དོན་གྱི་ གནད་དོན་ཅིག་སྦེ་ ཆ་བཞག་སྟེ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ ཚོགས་བརྡ་བཏང་ནུག་ཟེར་ཨིན་པས།
དེ་བསྒང་ སློབ་ཕྲུག་ཚུ་ ཟུར་ཐེབས་སློབ་ཚན་ནང་ ཤོག་ཟེར་སླབ་མ་གཏོགས་ འདོད་པའི་པར་བརྙན་བལྟ་བར་དང་ དབང་བཙོང་ལུས་འབྲེལ་འབད་ནི་གི་དོན་ལས་ཤོག་ཟེར་ འབོ་འབོཝ་མེན་ཟེར་ ཉེས་འཛུགས་ཅན་གྱིས་ སླབ་ཡོདཔ་མ་ཚད་ སློབ་ཕྲུག་བུམོ་ཚུ་ ནཱ་ལས་མཐར་འཁྱོལ་བའི་ཤུལ་ལས་ ཐིམ་ཕུག་ལུ་ སྨད་ཚོང་མ་སྦེ་ སྡོད་ན་ཟེར་སླབ་མི་དེ་གིས་ སློབ་ཕྲུག་ཚུ་ སེམས་མ་དགའཝ་ཡོད་པའི་སྒྲུབ་བྱེད་ སློབ་ཚན་དེ་གི་ སློབ་ཕྲུག་ག་ར་གིས་ བཀོད་ཡོད་མི་དེ་ ཤུལ་ལས་ ཁྲིམས་འདུན་ལུ་ ཕུལ་ནི་ཟེར་བཀོད་ནུག།
དབང་འདུས་ཕོ་བྲང་ལས་ཨིན་མི་ ལེགས་སྦྱར་བ་བགྲེསཔ་གིས་ སྒེར་པ་སྦེ་སྡོད་མི་ སློབ་ཕྲུག་བུམོ་ཅིག་གི་ ཁྱིམ་ནང་སོང་སྟེ་ མོ་གི་ལགཔ་བཟུང་ཞིནམ་ལས་ སྦོ་ལོགས་ཁར་ སྡོད་བཅུག་ཡོདཔ་མ་ཚད་ མོ་ལུ་ འུ་བཀལ་ཡོདཔ་ལས་ བུམོ་དེ་གིས་ ཁོ་འཕུལ་བཏང་སྟེ་ མོ་རའི་ཁྱིམ་ཚང་ནང་ སོང་མི་དེ་ ངེས་བདེན་ཨིན་ཟེར་ ཞུ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་ ཕྱི་རུ་ཞབས་ཁྲ་རྐྱབ་སྡོད་པའི་སྐབས་ ཁོ་ར་ཆབ་གསང་ལས་ ལོག་པའི་ལམ་ཁར་ བུམོ་དེ་ མགྲིན་ཁྱིམ་ནང་ ཉལ་བར་འོང་མི་དང་ ཁ་ཐུག་རྐྱབ་ཅི་ཟེར་ སླབ་མི་དེ་ རྫུན་གཏམ་ཨིན་པའི་ ཁུངས་གསལ་ཡང་ ཞབས་ཁྲ་རྐྱབ་ཚར་ཏེ་ ག་ར་ཉལ་བར་འགྱོ་ནི་འབདཝ་ད་ ཉེས་འཛུགས་ཅན་གྱིས་ སློབ་ཕྲུག་བུམོ་དེ་ ས་གོ་གནག་དུང་དུ་ནང་ འཐེན་པའི་སྐབས་ ལྟག་ལྐོག་སྐྱོར་ཏེ་ ཨེ་ཙེ་འོག་ལུ་ ལགཔ་བཙུགས་ནུག་ཟེར་ཨིན་པས།
ཉེས་འདོགས་པ་གིས་འབད་བ་ཅིན་ ཉེས་འཛུགས་ཅན་གྱིས་ སློབ་ཕྲུག་བུམོ་ཉལ་སའི་ ཁང་མིག་ནང་འཛུལ་ཏེ་ ཉལ་སྡོད་མི་ བུམོ་ཅིག་གི་ གདོང་ཁར་དཀྲོགས་ཡོདཔ་ ངེས་བདེན་ཨིན་པའི་ཁར་ ཉམས་རྒུད་པའི་ཁ་ཐུག་ལས་ དགའ་འཛུམ་བྱིན་མ་བཏུབ་ད་ ཁོ་ར་ཙིགཔ་ཟ་སྟེ་ ཕྱི་ཁར་ཐོན་ཞིནམ་ལས་ སྐད་རྐྱབ་སྟེ་ འབད་གཞག་རྔམས་སི་སི་སྟོན་ནུག་ཟེར་ཨིན་པས།
ཆུ་ཁ་ལས་ཨིན་མི་ ལེགས་སྦྱར་བ་བགྲེསཔ་གིས་ རིག་གཞུང་མཐོ་རིམ་སློབ་གྲྭ་གཞི་བཙུགས་ཀྱི་ ཉིནམ་དང་འབྲེལ་ ཕུཊ་བཱོལ་རྩེད་འགྲན་འབད་སར་ བལྟ་བར་སོང་མི་ བུམོ་ཅིག་གི་ སྦོ་ལོགས་ཁར་ སྡོད་ཞིནམ་ལས་ བརླད་དོ་དང་ སྒལ་ཏོག་དཀྲོགས་ཡོདཔ་ལས་ མོ་ར་ག་དེ་སྦེ་ འབད་ནི་ཨིན་ན་མ་ཤེས་པའི་ གནས་སྟངས་ནང་བཙུགས་ཏེ་ ངོ་ཚ་བཅུག་མི་དེ་ཡང་ མོ་གི་ སྦོ་ལོགས་ཁར་ཡོད་མི་གིས་ མཐོང་ཡོད་པའི་ ངག་བརྗོད་དང་ ཁུངས་གསལ་ཚུ་ ཁྲིམས་འདུན་ལུ་ དུས་དང་བསྟུན་ ཕུལ་ནི་ཟེར་ ཞུ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *