སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ། པར་ རིག་གཞུང་རླུང་རྟ་ཨེཕ་ཨེམ་ ཕེས་བུག་ལས།

ལེགས་སྦྱར་བ་༩ དགོངས་ཞུ་འབད་མི་དེ་གིས་ སློབ་སྟོན་ལུ་ བར་ཆད་མི་རྐྱབ་ནི།

༉ སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་ བདག་སྐྱོང་གི་ལེགས་སྦྱར་བ་༩ དང་ རྒྱབ་རྟེན་ལས་གཡོགཔ་༡ སློབ་དུས་མཇུག་མ་བསྡུ་བའི་ཧེ་མར་ དགོངས་ཞུ་འབད་དགོ་མི་དེ་གིས་ དུས་རྒྱུན་གྱི་ སློབ་ཚན་མཇུག་བསྡུ་ནི་ལུ་ བར་ཆད་མི་རྐྱབ་ནི་ཨིན་པས།
མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ལུང་བསྟན་རྒྱ་མཚོ་གིས སླབ་མིའི་ནང་ སློབ་དུས་ཀྱི་ སློབ་སྟོན་མཇུག་བསྡུ་ནིའི་གུ་ ལྷོད་ཅི་ཟེར་ཨིནམ་ད་ དེ་ཡང་ སྤྱི་ཟླ་༥ པའི་ཟླ་མཇུག་ལུ་ སློབ་སྟོན་འབད་ཚར་དགོཔ་བཞིན་དུ་ དུམ་གྲ་རེ་ཡོད་མི་ཚུ་ ལེགས་སྦྱར་བ་གཞན་ཚུ་གིས་ མཇུག་བསྡུ་འོང་ཟེར་ཨིན་པས།
དེ་ཡང་ སློབ་སྟོན་དང་ཞིབ་འཚོལ་གྱི་ ལཱ་འབད་ནི་ཡོད་མི་ལས་ དམིགས་བསལ་གྱི་གནས་སྟངས་ སྟབས་མ་བདེཝ་བྱུང་མིའི་ནང་ ཞིབ་འཚོལ་གྱི་ལཱ་ཚུ་ བཤོལ་བཞག་ཞིནམ་ལས་ སློབ་སྟོན་ནང་ གཙོ་བོར་བཏོན་ཏེ་ དགོངས་ཞུ་འགྱོ་མི་ སློབ་དཔོན་ཚུ་གི་ སྦྱོང་ཚན་ཚུ་ སྟོན་ནི་ཨིནམ་ལས་ ཟླཝ་ཕྱེད་ཀྱི་རིང་ འབད་མ་ཚུགསཔ་མེད་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ཀྱི་ སློབ་དུས་ནང་ཡོད་པའི་ སྦྱོང་ཚན་དེ་ཚུ་ སློབ་དུས་ཤུལ་མམ་ནང་ སློབ་སྟོན་འབད་མ་དགོཔ་ལས་ ཧེ་མ་ལས་ ཁག་འབག་ཐོག་ལུ་ཡོད་པའི་ སློབ་དཔོན་ཚུ་ བསྐྱར་གསོ་མི་འབད་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ཨིནམ་ད་ དཀའ་ངལ་ག་ནི་ཡང་མེད་པར་ སྟབས་བདེ་ཏོག་ཏོ་འབྱུང་ནི་ཨིན་པའི་ཁར་ སློབ་དཔོན་མ་ལང་པའི་ དཀའ་ངལ་མི་ཐོན་ཟེར་ཨིན་པས།
གཙོ་འཛིན་གྱིས་ བཤད་མིའི་ནང་ ལེགས་སྦྱར་བ་༡༠ ཐོན་འགྱོ་མི་དེ་གིས་ ཐོ་མི་ཕོག་ཟེར་ཨིནམ་ད་ དེ་ཡང་ སློབ་གྲྭ་ནང་ ལས་བྱེདཔ་༦༠ ལྷགཔ་ཅིག་ཡོདཔ་ལས་ ལས་བྱེདཔ་༡ གིས་ སྦྱོང་ཚན་ཐེབས་འབག་མི་དེ་ འབད་མ་ཚུགསཔ་ཅིག་མེད་ཟེར་ཨིན་པས།
དགོངས་ཞུ་འབད་དགོ་པའི་ ལེགས་སྦྱར་བ་ཚུ་ སྤྱི་ཟླ་༥ པའི་ཚེས་༡༧ ཚུན་ སྡོད་ཆོག་ནི་ཨིནམ་ད་ དགོངས་ཞུའི་བཀའ་རྒྱ་དེ་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ བཏོན་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་དང་ སློབ་གྲྭ་ལུ་ ཤ་ཚ་མི་ཨིན་པ་ཅིན་ མ་བཏུབ་འབད་མི་ཚུ་ གདོང་ཁར་འཐོན་ཏེ་ སླབ་དགོཔ་ཨིནམ་ད་ སློབ་ཕྲུག་ཚུ་གིས་ གདོང་ཁར་ཐོན་ཏེ་ སླབ་མི་ལུ་བརྟེན་ སྟབས་མ་བདེཝ་སྦོམ་དེ་ སེལ་ཐབས་འབད་ཚུགས་ཅི་ཟེར་ ཨིན་པས།
ཉེས་འཛུགས་ཕོག་མི་ཚུ་གིས་ སླབ་མིའི་ནང་ ཁོང་དང་གཅིག་ཁར་ དྲི་བསྟུན་མ་འབད་བའི་ཁར་ ཤེས་རྟོགས་ག་ནི་ཡང་མེད་པར་ དེ་འཕྲོ་ལས་ ཡིག་ཚང་བཀའ་རྒྱ་བཏོན་ནུག་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ གསལ་ཞུ་འབད་ནིའི་ གོ་སྐབས་ཡང་མ་ཐོབ་ལས་ སེམས་དང་མ་ལྡན་ཟེར་ སླབ་ཨིན་པས།
གཙོ་འཛིན་གྱིས་ བཤད་མིའི་ནང་ བྱ་ངན་དེ་ སློབ་དཔོན་གྱི་ ཀུན་སློང་ཀུན་སྤྱོད་རྣམ་གཞག་ནང་ འབད་མ་ཆོག་མི་དེ་ འབད་བ་ཅིན་ ཁྲིམས་ཚབས་ཆེན་ཨིན་ཟེར་ཨིནམ་ད་ ཁོང་ར་ སློབ་གྲྭའི་བདག་སྐྱོང་གིས་འབད་མི་དེ་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ ཞུ་གཏུགས་འབད་ནི་ཡོདཔ་འོང་ཟེར་ ཨིན་པས།
གནད་དོན་དེ་ཡང་ ལེགས་སྦྱར་བ་༩ དང་ རྒྱབ་སྐྱོར་ལས་བྱེདཔ་༡ གིས་ སློབ་ཕྲུག་ཚུ་ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་ ཁ་ཉེས་ཕོག་མི་ལུ་བརྟེན་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་བཅུག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལེགས་སྦྱར་བ་༢ ལུ་ སློབ་ཕྲུག་དང་འབྲེལ་བ་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་ཨིན་རུང་ ཁུངས་བཀལ་མ་ཚུགསཔ་ལས་བརྟེན་ ཉེས་བྱ་སྦེ་ ཟླ་ངོ་༡ གྱི་ དངུལ་ཕོགས་མ་བྱིན་པར་ བཞག་ཡོདཔ་ཨིན་པས།
བྱ་ངན་ཚུ་ནང་ འབྲེལ་གཏོགས་ཡོད་མི་ དོགས་ཅན་༡༠ ཡོད་མི་ལས་༩ ལེགས་སྦྱར་བ་དང་༡ རྒྱབ་སྐྱོར་ལས་བྱེདཔ་ཨིནམ་ད་ ལེགས་སྦྱར་བ་༩ གི་གྲས་ལས་༦ གཏན་འཇགས་ཀྱི་ལེགས་སྦྱར་བ་དང་༣ ཁག་འབག་ཐོག་ལས་ སློབ་སྟོན་འབད་མི་ཨིན་པས།
གནད་དོན་དེ་ཡང་ སློབ་ཕྲུག་བུམོ་༡༩ གིས་ ལས་བྱེདཔ་ཚུ་གི་སྐོར་ལས་ ཉོགས་བཤད་བཀོད་པའི་ཤུལ་ལུ་ ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

གསར་སྤང་རྫོང་ སྤྱི་ལོ་༢༠༢༣ ལུ་ བསྒྲུབ་མི་ཚུགས་ནི་བཟུམ་ཡོདཔ།

༉ གསར་སྤང་རྫོང་གསར་བཞེངས་ཀྱི་ལཱ་ནང་ ལས་མི་ལངམ་མེདཔ་ལས་ ཐོགས་ལུས་ཏེ་ཡོདཔ་ཨིན་པས། དེ་ཡང་ རྒྱ་གར་གྱི་ལས་མི་ ལག་རྩལ་ཅན་ཚུ་ ས་མཚམས་སྒོ་ར་བསྡམས་ཞིནམ་ལས་ཚུར་ ནང་ན་ལེན་མ་ཚུགས་པའི་ཁར་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་འོང་མི་ ལས་མི་ཚུ་ཡང་ ཞིང་ལཱ་འབད་བར་ ལོག་ཁྱིམ་ནང་ སོང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *