ལུང་ཁང་མ་གནས་ཀྱི་མཐོང་སྣང་།

ལུང་ཁང་མ་གནས་ བྱིན་རླབས་ཅན་ཨིན་རུང་ ཧ་གོ་མི་གངམ་མེདཔ།

༉ པདྨ་དགའ་ཚལ་ ངང་ལམ་དྲུང་ཁག་ ཆོས་འཁོར་གླིང་རྒེད་འོག་ནང་ ལུང་ཁང་མ་ཟེར་ ཨྱོན་གུ་རུ་རིན་པོ་ཆེའི་གནས་ བྱིན་རླབས་དང་ རྩ་ཅན་ཅིག་ཡོད་རུང་ གནས་དེ་གི་སྐོར་ལས་ རྒྱལ་ཁབ་ཀྱི་ ས་གནས་གཞན་གྱི་ མི་ཚུ་གིས་ཕར་བཞག་ ཐ་ན་ དེ་ཁའི་མི་ཚུ་གིས་ཡང་ ཤེས་རྟོགས་དེ་ཅིག་ མེདཔ་ཨིན་པས།
ངང་ལམ་ཁྲོམ་ལས་ ཆོས་འཁོར་གླིང་རྒེད་འོག་ཁ་ཐུག་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་རིང་ སྣུམ་འཁོར་ནང་ འགྲོ་འགྲུལ་འབད་བའི་སྐབས་ ལུང་ཁང་མ་གནས་ལུ་ ལྷོད་དོ་ཡོདཔ་ད་ ཤར་ཕྱོགས་པའི་ཁ་སྐད་ནང་ ལུང་ཁང་མ་ཟེར་མི་དེ་ རྫོང་ཁའི་ནང་ རྡོ་གག་མི་ལུ་ སླབ་དོ་ཡོདཔ་བཞིན་དུ་ གནས་དེ་གི་རྡོ་དེ་ དུམ་བུ་༢ ལུ་ གག་ཡོད་མི་ལུ་བརྟེན་ བཏགས་ཡོདཔ་ཨིན་པས།
གནས་དེ་ཁར་ ལྷོད་ཞིནམ་ལས་ བྱག་དེ་གི་རྩ་བ་ལས་ ཡར་ལྟ་བའི་སྐབས་ བྱག་གི་རྩེ་མོ་དེ་ ནམ་མཁའ་ལྷོད་ལྷོདཔ་བཟུམ་ཡོདཔ་བཞིན་དུ་ ལྗོན་ཤིང་མཛེས་པའི་སྦུག་ལུ་ ག་ནི་བ་འཇའ་བའི་ བྱ་རིགས་སྣ་ཚོགས་ཀྱིས་ དུས་དང་དུས་སུ་ གླུ་དབྱངས་འཐེན་དོ་ཡོདཔ་ལས་ ཉམས་དགའ་བའི་ལྷ་ཡུལ་ལུ་ ལྷོད་དོ་བཟུམ་མའི་ ཚོར་སྣང་བྱུངམ་མས།
སྐྱེས་ལོ་༣༤ ལང་མི་ ཨྱོན་ཀུན་ལེགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གནས་དེ་གི་སྐོར་ལས་ ཧེ་མ་ ལོ་རྒྱུས་མ་གོ་ཟེར་ཨིནམ་ད་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ བཙག་འཐུ་ནང་འོང་པའི་སྐབས་ གོ་མི་ལུ་བརྟེན་ གནས་དེ་མཇལ་བར་ སོང་ཡོདཔ་ལས་ གུ་རུའི་གནས་གཞན་དང་མ་འདྲཝ་ཅིག་ འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནས་དེ་གི་བྱག་གུ་ ཨྱོན་གུ་རུ་དང་ མཁའ་འགྲོའི་ལྷ་ཚོགས་ལ་སོགས་པ་དང་བཅསཔ་སྦེ་ མཇལ་ཚུགས་པའི་ཁར་ རྡོ་གག་ཡོད་མིའི་སྦུག་ལས་ མཚོ་ཅིག་ཡང་ མཇལ་ནི་འདུག་ཟེར་ཨིནམ་ད་ གནས་དེ་ བྱིན་རླབས་ཅན་ཅིག་ཨིན་རུང་ བདག་འཛིན་འཐབ་མི་ དཀོན་གཉེར་ཅིག་ཡང་མེད་པར་ གནས་སྟངས་སྐྱོ་སི་སི་སྦེ་ ལུས་ནུག་ཟེར་ཨིནམ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཐབས་ལམ་བཏོན་དགོཔ་ འདུག་ཟེར་ཨིན་པས།

རྡོ་གག་མིའི་ནང་ལས་ མཚོ་མཇལ་ཚུགས་དོ་ཡོདཔ་ཨིན་མས།

མཁན་པོ་བསོད་ནམས་བཀྲིས་ཀྱིས་བཟོ་མི་ གནས་ཡིག་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༦ ལུ་ ཆོས་འཁོར་གླིང་གི་ མི་ཚུ་གིས་ ཞུ་བ་འབད་མི་དང་བསྟུན་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེའི་རིན་པོ་ཆེ་གིས་ ཉིན་གྲངས་༩ འི་རིང་ སྒྲུབ་ཆེན་དང་ མ་ཎི་དུང་ཕྱུར་བསགས་གནང་པའི་ཤུལ་ལས་ གུ་རུའི་ཞིང་ཁམས་ འོག་མིན་ཟངས་མདོག་དཔལ་རི་དང་ དབྱེ་བ་མེད་པར་ཆགས་མི་ གནས་དེ་གི་ བྱག་དེ་ཁར་ ཨྱོན་གུ་རུའི་མགྲིན་པ་ཡན་ཆད་ ཤིན་ཏུ་གཟི་བརྗིད་ཅན་དང་ མཁའ་འགྲོའི་ཚོགས་དང་བཅས་ རང་བྱུང་དུ་འཁྲུངས་ཡོད་མི་དེ་ མཇལ་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
གནས་ཡིག་ནང་ བཀོད་མིའི་ནང་ བྱག་དེའི་རྩ་བར་ ཀླུ་ཚུ་གནས་སའི་ མཚོ་ཆགས་ཡོདཔ་བཞིན་དུ་ བྱག་དུམ་བུ་༢ གག་ཡོད་མིའི་ སྐེད་པ་ལས་ ཨྱོན་གུ་རུ་དང་ ལྷ་ལྕམ་མནྡྷ་ར་ཝ་ དེ་ལས་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་སོགས་པ་ རང་བྱོན་ཚུ་ མཇལ་ཚུགས་ཟེར་ཨིནམ་ད་ ཨིན་རུང་ མི་ཚུ་གིས་འབད་བ་ཅིན་ རང་སོའི་སྐལ་བ་དང་བསྟུན་ ཨྱོན་གུ་རུ་དང་ འཕྲལ་འཕྲལ་མི་ཨ་རྒས་དང་ ཨང་རྒས་ལ་སོགས་པ་ཚུ་ མཇལ་ནི་འདུག་ཟེར་ཨིན་པས།

རྡོ་གག་ཡོད་མི་ནང་ གུ་རུའི་ཞལ་དངོས་སུ་སྦེ་ མཇལ་ཚུགས་དོ་ཡོདཔ་ཨིན་མས།

དེ་ལས་ བྱག་དེ་གི་སྐེད་པར་ བཀའ་གདམས་མཆོད་རྟེན་རང་བྱུང་དང་ རྡོ་རྗེ་རྒྱ་གྲམ་ ལུང་ཁང་མའི་བྱག་དེ་ རྡོ་རང་བྱུང་གི་རྩིགཔ་དང་ ཕྱི་ནང་༢ ཆ་ར་ ལྗོན་ཤིང་སྣ་ཚོགས་ཀྱིས་ དྲྭ་བ་དྲྭ་ཕྱེད་ཀྱི་ཚུལ་ལུ་ དཔྱངས་ཡོད་མི་ཚུ་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ཚུགསཔ་ཨིན་ཟེར་ གནས་ཡིག་ནང་བཀོད་ནུག།
ལས་སྐལ་དང་ལྡན་པའི་ དད་མོས་ཅན་གྱི་ མི་ཚུ་གིས་ ཨྱོན་གུ་རུའི་ཞིང་ཁམས་ འོག་མིན་ཟངས་མདོག་དཔལ་རི་ ལུང་ཁང་མའི་གནས་དེ་ མཇལ་ཚུགས་པ་ཅིན་ མཇལཝ་ཙམ་གྱིས་ ཚེ་ད་རེས་ རྐྱེན་བར་ཆད་བསལ་ནི་དང་ ཚེ་ཕྱི་མ་ སངས་རྒྱས་ཀྱི་གོ་འཕང་འཐོབ་ནི་ལ་སོགས་པའི་ གནས་མཆོག་ཁྱད་པར་ཅན་ཚུ་ནང་ སྐྱེ་བའི་ཕན་ཡོན་ཡོད་ཟེར་ཨིན་པས།
ཆོས་འཁོར་གླིང་རྒཔོ་ ཚུལ་ཁྲིམས་ཨར་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་གི་ཁ་ཐུག་ལས་ གནས་དེ་གི་དོན་ལུ་ ག་ནི་ཡང་ མ་འབད་ཟེར་ཨིན་རུང་ ངང་ལམ་གྱི་ དད་ཅན་ཚོང་པ་དང་ ཁྲོས་མ་ཚོགས་པ་གིས་ གནས་སྐབས་ཀྱི་ ཚོགས་ཁང་ལ་སོགས་པ་ཚུ་ རྐྱབ་ཡོདཔ་མ་ཚད་ མ་འོངས་པར་ མ་ཎི་དུང་འཁོར་དང་ ཚོགས་ཁང་ཚུ་རྐྱབ་ནིའི་ འཆར་གཞི་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལུང་ཁང་མའི་གནས་དེ་ ཨྱོན་གུ་རུའི་གནས་ བྱིན་རླབས་ཅན་ཅིག་ཨིནམ་ལས་ གནས་དེ་གི་ མཐའ་འཁོར་གཙང་སྦྲ་ལ་སོགས་པའི་དོན་ལུ་ འཆར་གཞི་༡༢ པའི་ནང་ རྒེད་འོག་གིས་ མ་དངུལ་བཞག་སྟེ་ཡོད་ཟེར་ཨིནམ་ད་ ད་ལྟོ་ དུས་བཟང་དང་ དུས་ཆེན་ཚུ་གི་སྐབས་ ཁྲོས་མ་ཚོགས་པ་ཚུ་གིས་ ཚོགས་རེ་ཕུལ་ནི་འདུག་ཟེར་ཨིན་པས།
ཁྲོས་མ་ཚོགས་པའི་འཐུས་མི་ ཀུན་བཟང་རབ་བརྟན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཚོགས་པའི་ཁ་ཐུག་ལས་ཡང་ ག་ནི་ཡང་ འབད་མ་ཚུགས་ཟེར་ཨིནམ་ད་ ངང་ལམ་གྱི་ ཁྲོས་མ་ཚོགས་ཆུང་གིས་ མ་ཎི་དུང་འཁོར་དང་ ཚོགས་ཁང་ཚུ་རྐྱབ་ནིའི་ འཆར་གཞི་ཡོད་རུང་ ནམ་རྐྱབ་ནི་ཨིན་ན་ ཏན་ཏན་མིན་འདུག་ཟེར་ ཨིན་པའི་གནས་ཚུལ།

ཆོས་འཁོར་གླིང་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *