ལཱ་གཡོག་མེད་མི་༡,༠༦༧ གྱིས་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་དང་ཐོ་བཀོད།

༉ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་ འགོ་འབྱེད་འབད་བའི་ཤུལ་ལས་ ཉིན་གྲངས་༡༠ གྱི་ ནང་འཁོད་ལུ་ ལཱ་གཡོག་འཚོལ་མི་༡,༠༦༧ དེ་ཅིག་གིས་ ཐོ་བཀོད་འབད་ནུག།
ཐོ་བཀོད་འབད་མི་ མང་ཤོས་ར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་དང་ སློབ་རིམ་༡༢ པ་དང་༡༠ པ་མཇུག་བསྡུ་མི་ དེ་ལས་ གཙུག་ལག་མཐོ་རིམ་གོང་མའི་ ཤེས་ཡོན་འཆང་མི་༤ གིས་ཡང་ ཐོ་བཀོད་འབད་ཡོདཔ་ད་ གཞན་དེ་ཚུ་ མཐོ་རིམ་ཤེས་ཚད་འཆང་མི་༡༣༩ དང་ ཌིབ་ལོ་མ་རྐྱབ་མི་༡༤༧ སློབ་རིམ་༡༢ པའི་ ཤེས་ཡོན་སྦྱང་མི་༣༥༣ དང་ སློབ་རིམ་༡༠ པ་ལས་ ༡༨༣ ཡོདཔ་ཨིན་པས།
ཐོ་བཀོད་འབད་མི་ ཡོངས་བསྡོམས་ལས་ ཕོ་སྐྱེས་བརྒྱ་ཆ་༦༥ དང་ ཨམ་སྲུ་༣༥ ཡོདཔ་བཞིན་དུ་ རིག་རྩལ་ཅན་༤༣ དང་ རིག་རྩལ་མེད་མི་ བརྒྱ་ཆ་༥༧ ཡོདཔ་ད་ ཐོ་བཀོད་དེ་ཡང་ ས་གོ་དང་འཁྲིལ་ཏེ་འབད་ཡོདཔ་ཨིན་པས།
ལས་འགུལ་གྱི་དོན་ལུ་ རྒྱལ་ཁབ་ནང་འཁོད་ལས་ ལཱ་གཡོག་བྱིན་མི་ མི་མང་དང་ སྒེར་སྡེ་ བཟོ་སྐྲུན་ ལས་འཛིན་ལ་སོགས་པའི་ ལས་སྡེ་༡༡༠ དེ་ཅིག་གིས་ ཐོ་བཀོད་འབད་ཡོདཔ་ད་ ཁོང་གིས་ རིག་རྩལ་ལྡན་མི་ བརྒྱ་ཆ་༤༥ དང་ རིག་རྩལ་མེད་མི་ བརྒྱ་ཆ་༥༥ འབདཝ་ད་ ལཱ་གཡོག་གི་ དགོས་མཁོ་༡,༩༨༥ མཁོ་འདོད་བཀོདཔ་ཨིན་པས།
ལས་མི་ཚུ་གི་ མཁོ་འདོད་ཡོད་མི་ཡང་ མང་ཤོས་ར་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ བསམ་གྲུབ་ལྗོངས་མཁར་ གསར་སྤང་ དེ་ལས་ སྤ་རོ་ཚུ་ནང་ ཡོདཔ་བཞིན་དུ་ ཁོང་གིས་ ལཱ་ཚུ་ཡང་ འཁོར་ལམ་ཉམས་བཅོས་དང་ བཟོ་སྐྲུན་ཚུ་ནང་ བྱིན་ནི་ཨིན་པས།
འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་དེ་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ ལུ་བརྟེན་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལས་མི་མ་ལང་པའི་ དཀའ་ངལ་དང་ གདོང་ལེན་སེལ་ཐབས་ལུ་དམིགས་ཏེ་ སྤྱི་ཟླ་༧ པའི་ཚེས་༡ ལུ་ འགོ་འབྱེད་འབད་མི་དེ་ཡང་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ ཆ་ཤས་ཅིག་ཨིན་པས།
གཞུང་གིས་ ལས་འགུལ་གྱི་དོན་ལུ་ འཆར་དངུལ་ཐེར་འབུམ་༡.༠༤ བགོ་བཀྲམ་འབད་དེ་ཡོདཔ་ད་ ལོ་ངོ་༢ ཀྱི་རིང་ ལག་ལེན་འཐབ་ནི་ཨིན་མི་ ལས་འགུལ་དེ་གིས་ ན་གཞོན་༧,༠༠༠ དེ་ཅིག་ལུ་ ལཱ་གཡོག་གི་ གོ་སྐབས་བྱིན་ནིའི་ ལས་རིམ་ཡོདཔ་ཨིན་པས།
ལས་གཡོག་བློན་པོ་ ཨོ་རྒྱན་རྡོ་རྗེ་གིས་ རིག་རྩལ་ཡོད་མི་ བརྒྱ་ཆ་༤༣ ལས་༢༥ དེ་ ལག་རྩལ་སྦྱོང་བརྡར་མཐར་འཁྱོལ་མི་ རྒྱལ་ཡོངས་ལག་ཁྱེར་དང་པ་དང་༢ པ་ཡོདཔ་ད་ ལཱ་གཡོག་བྱིན་མི་ཚུ་གིས་ ཐད་ཀར་དུ་ འབྲེལ་འཛིན་འབད་ནིའི་དོན་ལས་ བརྒྱ་ཆ་༥༢ དང་ རིག་རྩལ་ཅན་བརྒྱ་ཆ་༤༠ མཁོ་འདོད་བཀོདཔ་མས་ཟེར་ཨིན་པས།
ཐོ་བཀོད་འབད་མི་ཚུ་ཡང་ ག་དང་ག་ར་ཡོདཔ་ཨིན་ན་དང་ ལཱ་འབད་ནི་ལུ་ ཁྱད་ཚད་ལྡན་མི་ཡོད་མེད་སྐོརལས་ ལྷན་ཁག་གིས་ བདེན་དཔྱད་འབད་བའི་བསྒང་ཡོདཔ་ད་ ལཱ་ཚུ་ཡང་ ལཱ་གཡོག་འཚོལ་མི་ གདམ་ཁ་འབད་མི་དང་འཁྲིལ་ འགྱོ་འོང་ཟེར་ ལས་གཡོག་བློན་པོ་གིས་ བཤདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ལས་སྡེ་ཚུ་གིས་ མང་ཤོས་ར་ རྡོ་བཟོའི་རིག་རྩལ་ཡོད་མི་ མངམ་མཁོ་འདོད་བཀོད་དེ་ཡོད་པའི་ཁར་ ཤིང་བཟོ་དང་ ཆུ་དུང་བཅོས་མི་ གློག་ཆས་བཙུགས་སྒྲིག་འབད་མི་ལ་སོགས་པའི་ རིག་རྩལ་ཚུ་ མཁོ་འདོད་བཀོད་འདུག་ཟེར་ཨིན་པས།
དགོས་མཁོ་འགྲུབ་ནིའི་དོན་ལུ་ ལས་མི་ལྕོགས་གྲུབ་ཡོད་མི་དང་ མེད་མི་ཚུ་ འཛིན་སྐྱོང་འབད་ཞིནམ་ལས་ ལས་མི་སྦེ་ གཏང་ནི་དང་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལས་མི་ལྕོགས་གྲུབ་གོང་འཕེལ་བཏང་སྟེ་ ལཱ་གཡོག་སྤྲོད་ཚུགས་པའི་ ལས་སྡེ་ཅིག་སྦེ་ བཟོ་ནི་དེ་ཨིན་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
བློན་པོ་གིས་ ལཱ་གཡོག་གི་དོན་ལུ་ ཐོ་བཀོད་འབད་མི་ལུ་ལྟཝ་ད་ སེམས་ཤུགས་ཅན་ཅིག་ཨིན་མས་ཟེར་ བཤད་པའི་ཁར་ གལ་སྲིད་ མཁོ་འདོད་དང་འཁྲིལ་ འགྱོ་བ་ཅིན་ ལས་འགུལ་དེ་ མཐར་འཁྱོལ་འབྱུང་ཚུགས་ནི་དང་ ལས་མི་མ་ལང་པའི་ དཀའ་ངལ་ཡང་ སེལ་ཚུགས་ནི་མས་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་མི་ཚུ་ལུ་ ལས་སྡེ་ཚུ་གིས་ བཟོ་སྐྲུན་གྱི་ ས་ཁོངས་ནང་ སྡོད་གནས་བྱིན་དགོཔ་ད་ ལཱ་གཡོག་ནང་ འཛུལ་ཞུགས་འབད་ནིའི་དོན་ལས་ ལོ་༢ ཀྱི་རིང་ལུ་ སྒོ་ཕྱེ་བཞག་འོང་ཟེར་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ ལྕོགས་གྲུབ་ཅན་གྱི་ ལས་མི་༡༤,༤༩༥ དགོཔ་ཡོད་མི་དེ་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱིས་ འགྲུབ་ཐབས་འབད་ནི་དང་ ལྕོགས་གྲུབ་ཡོད་མི་དང་ ལག་རྩལ་མེད་མི་ཚུ་ དབྱེ་བ་ཕྱེ་སྟེ་ ཐོ་བཀོད་འབད་བཅུག་པའི་ཤུལ་ལུ་ སྦྱོང་བརྡར་བྱིན་ནི་ཨིན་པས།
ལས་འགུལ་དེ་གི་འོག་ལུ་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་གི་ སློབ་ཕྲུག་ཚུ་ལུ་ ཟླ་རིམ་ལྟོ་ཕོགས་ཀྱི་ འཐུས་དངུལ་ཀྲམ་༦,༠༠༠ རེ་ བྱིན་ནི་དང་ གཞུང་གིས་ བཟོ་སྐྲུན་ཚུ་ནང་ ལཱ་འབད་མི་ཚུ་ལུ་ ཟླ་རིམ་དངུལ་ཕོགས་བརྒྱ་ཆ་༢༥ རེ་དང་ ཉེན་སྲུང་གི་དོན་ལུ་ འཚོ་རྟེན་མ་དངུལ་ བརྒྱ་ཆ་༡༠ རེ་ ལྷན་ཐབས་འབད་ནི་ཨིན་པས།
ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ བཟོ་སྐྲུན་གོང་འཕེལ་ལས་སྡེ་དང་ སྒེར་སྡེ་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོད་རུང་ ད་ལྟོ་ ཕྱིའི་ལས་མི་༢༥,༠༠༠ དེ་ཅིག་ རྒྱལ་ཁབ་ནང་ཡོདཔ་ད་ མ་གཞི་ ལོ་བསྟར་བཞིན་དུ་ ཕྱིའི་ལས་མི་༥༠,༠༠༠ དེ་རེ་ འབྲུག་ལུ་ བཟོ་སྐྲུན་གྱི་ ལཱ་འབད་བར་ འོང་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *