ལཱ་གཡོག་གི་ དགོས་མཁོ་དང་འཁྲིལ་ རིག་རྩལ་ཤེས་ཡོན་ བྱིན་དགོ་པའི་གྲོས་འདེབས།

༉ ན་གཞོན་ཚུ་གི་ ལཱ་གཡོག་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ གཞུང་གིས་ འཛམ་གླིང་ལཱ་གཡོག་གི་ གནས་སྟངས་དང་ དུས་ཚོད་འཕོ་འགྱུར་དང་བསྟུན་ སློབ་གྲྭ་ཤེས་ཡོན་ཚུ་ ལེགས་བསྒྱུར་འབད་དགོ་པའི་ གྲོས་འདེབས་བཀོད་ནུག།
དེ་ཡང་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ གསར་བཏོན་འབད་མི་ འབྲུག་ལུ་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ རྒྱུ་རྐྱེན་སྙན་ཞུ་ནང་ གསལ་བཀོད་འབད་ཡོདཔ་ད་ ཤེས་ཡོན་གྱི་ གྲུབ་འབྲས་ལུ་བརྟེན་ ལོ་བསྟར་བཞིན་དུ་ མཐོ་རིམ་ཤེས་ཚད་འཐར་འཁྱོལ་མི་ཚུ་ ལཱ་གཡོག་གྱི་ གོ་སྐབས་འཚོལ་མི་ ཡར་འཕར་སོང་སྟེ་ཡོདཔ་ཨིན་པས།
བརྟག་ཞིབ་དེ་ཡང་ འབྲུག་པའི་ན་གཞོན་ཚུ་ལུ་ ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ བྱུང་ཡོདཔ་ཨིན་ན་ བལྟ་ནི་དང་ མི་སྡེ་དཔལ་འབྱོར་ དེ་ལས་ མིའི་འབོར་ཚད་ལུ་བརྟེན་ ན་གཞོན་ལཱ་གཡོག་མེད་མིའི་ རྒྱུ་རྐྱེན་ཧ་གོ་ཐབས་ལུ་ འབད་ཡོདཔ་ཨིན་པས།
ན་གཞོན་ཚུ་ ལཱ་གཡོག་ནང་ འཛུལ་ཞུགས་ཀྱི་ གྲ་སྒྲིག་དང་ རེ་འདོད་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ད་ལྟོའི་ ཆེ་རིམ་ཤེས་ཡོན་གྱི་ སྦྱོང་ཚན་ཚུ་ གནས་ཚད་མང་རབས་ཅིག་གི་ཐོག་ལས་ ལོག་དབྱེ་ཞིབ་དང་ བརྟག་ཞིབ་འབད་དགོཔ་འདུག་ཟེར་ སྙན་ཞུ་ནང་བཀོད་ནུག།
ཨ་ལོ་ཚུ་ སློབ་ཁང་ནང་ ཤེས་ཡོན་སྦྱང་མི་དེ་ཡང་ འཛམ་གླིང་གི་ལཱ་དང་འབྲེལ་བ་ཡོདཔ་སྦེ་ བཟོ་དགོ་པའི་ཁར་ ལཱ་གཡོག་གི་ གོ་སྐབས་དང་ རིག་རྩལ་ཆ་མཐུནམ་སྦེ་ གཙུག་སྡེ་དང་ མཐོ་རིམ་སློབ་གྲྭ་ཚུ་གི་ རྩ་གཞུང་ཚུ་ནང་ བཙུགས་ནི་ལུ་ བསྐྱར་ཞིབ་འབད་ནི་ ལཱ་གཡོག་གི་ དགོས་མཁོ་དང་འཁྲིལ་ཏེ་ དུས་ཚོད་ཁར་ བསྒྱུར་བཅོས་འབད་དགོ་པའི་ གྲོས་འདེབས་བཀོད་ནུག།
སྒེར་སྡེ་དེ་ ལཱ་གཡོག་གི་ གོ་སྐབས་བཟོ་མི་ འཕྲུལ་ཨམ་བཟུམ་ཅིག་ཨིནམ་ལས་ ཡར་དྲག་གཏང་དགོ་པའི་ གྲོས་འདེབས་བཀོད་ཡོདཔ་ད་ ད་རེས་ ལཱ་གཡོག་མ་ཐོབ་པར་ ལུས་ཡོད་མི་ མང་ཤོས་ར་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ཚུ་ཨིན་མི་དེ་ཡང་ ཁོང་གིས་ ཕྱི་ཁ་ལས་ཕར་ ལཱ་གཡོག་གི་ གོ་སྐབས་གངམ་མེདཔ་ལས་ ཞི་གཡོག་ནང་ འཛུལ་ཞུགས་འབད་ནི་གི་ གདམ་ཁ་རྐྱབ་ནི་དེ་གིས་ཨིན་པས།
སྙན་ཞུ་ནང་ མཐོ་རིམ་སློབ་གྲྭ་ མཇུག་བསྡུ་མི་ཚུ་གིས་ རྒྱལ་གཞུང་ཞི་གཡོག་ཆོས་རྒྱུགས་ནང་ ལན་ཐེངས་༢-༣ དེ་ཅིག་ བཅའ་མར་གཏོགས་ཡོད་རུང་ ལཱ་མ་ཐོབ་མི་ལུ་བརྟེན་ ན་གཞོན་ལཱ་གཡོག་མ་ཐོབ་མིའི་ གནས་ཚད་ཡར་སེང་འགྱོ་ནི་ལུ་ ལྷན་ཐབས་འབད་དོ་ཡོདཔ་ལས་ སྒེར་སྡེ་གོང་འཕེལ་བཏང་སྟེ་ ན་གཞོན་ཚུ་གིས་ ལཱ་གཡོག་འབད་ནི་དེ་ སྤྲོ་བ་ཆེ་ཏོག་ཏོ་དང་ ཉེན་སྲུང་ཅན་གྱི་ ལཱ་གཡོག་བཟོ་དགོཔ་འདུག་ཟེར་ གསལ་བཀོད་འབད་ནུག།
སོ་ནམ་ཐོན་སྐྱེད་ཡར་དྲག་བཏང་སྟེ་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ལུ་ སོ་ནམ་ལས་སྡེ་ནང་ མ་རྩ་འཛུགས་སྤྱོད་ཡར་སེང་འབད་དགོ་པའི་ གྲོས་འདེབས་བཀོད་ཡོདཔ་ད་ ལས་གཡོགཔ་ཡོངས་བསྡོམས་ལས་ སོ་ནམ་ལས་སྡེ་ནང་ མི་བརྒྱ་ཆ་༥༡ དེ་ཅིག་ལུ་ ལཱ་གཡོག་བྱིན་ཏེ་ཡོདཔ་ཨིན་པས།
སོ་ནམ་ལས་སྡེ་ནང་ འཆར་གཞི་༧ པ་ལས་༡༡ པ་ཚུན༌ འཆར་དངུལ་བགོ་བཀྲམ་ མར་བབས་སོང་ཡོད་རུང་ འཆར་གཞི་༡༢ པའི་ནང་ བརྒྱ་ཆ་༡༡ དེ་ཅིག་ ཡར་སེང་འབད་ཡོདཔ་ཨིན་པས།
གྲོས་འདེབས་གཞན་དེ་ ལུང་ཕྱོགས་འདྲ་མཉམ་སྦེ་ གོང་འཕེལ་གཏང་དགོཔ་འདུག་ཟེར་ཨིནམ་ད་ བརྟག་ཞིབ་སྐབས་ རྫོང་ཁག་ཚུ་གི་བར་ན་ ལཱ་གཡོག་གི་ གོ་སྐབས་ནང་ ཁྱད་པར་ཆགས་མི་ལུ་བརྟེན་ཨིན་པས།
འདས་པའི་ལོ་ཚུ་ནང་ ཐིམ་ཕུག་དང་ སྤ་རོ་ ཆུ་ཁ་ དེ་ལས་ གསར་སྤང་རྫོང་ཁག་ཚུ་ནང་ ལཱ་གཡོག་མ་ཐོབ་པའི་ ཚད་གཞི་དེ་ མཐོ་དྲགས་སྦེ་ར་ཡོད་པའི་ མངོན་གསལ་བྱུང་མི་དེ་ཡང་ ན་གཞོན་མང་ཤོས་ཅིག་གིས་ ལཱ་གཡོག་འཚོལ་བར་ འགྱོ་མི་ལུ་བརྟེན་ཨིན་པས།
གཞུང་གིས་ དེ་བཟུམ་མའི་ དཀའ་ངལ་སེལ་ཐབས་དང་ མར་ཕབ་འབད་ནི་ལུ་ ཐབས་ཤེས་བཏོན་དགོ་པའི་ཁར་ རྫོང་ཁག་གཞན་ཚུ་ནང་ཡང་ ལཱ་གཡོག་གི་ གོ་སྐབས་མངམ་ བཟོ་དགོཔ་འདུག་ཟེར་བཀོད་ནུག།
ལཱ་གཡོག་གི་ གོ་སྐབས་ཚུ་ཡང་ རྫོང་ཁག་ཚུ་ནང་ བཟོ་གྲྭ་ཁང་དང་ དཔལ་འབྱོར་ལྟེ་བའི་ གཞི་རྟེན་ཚུ་ ལེགས་ཤོམ་བཟོ་དགོ་པ་ཅིན་ དཀའ་ངལ་སེལ་ཚུགས་པའི་ཁར་ ཁྲོམ་སྡེ་ལ་ལོ་ཅིག་ནང་ མི་མང་ཤོང་པའི་ གནད་དོན་ཡང་ མར་ཕབ་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་བཀོད་ནུག།
ད་རེས་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་ལཱ་གཡོག་ མ་ཐོབ་མིའི་ ཚད་གཞི་མངམ་ཡོདཔ་ལས་ གཞུང་གིས་ ཨམ་སྲུ་ཚུ་ལུ་ འོས་འབབ་དང་ལྡན་པའི་ ལཱ་གཡོག་གི་ གོ་སྐབས་བཟོ་དགོ་པའི་ གྲོས་འདེབས་ཕུལ་ཡོདཔ་ད་ ད་རེས་ ཨམ་སྲུ་མང་ཤོས་ཅིག་གིས་ གླ་ཆ་སྤྲོད་མ་དགོ་པའི་ ལཱ་འབདཝ་ཨིན་པས།
དམིགས་བསལ་གྱི་ སྦྱོང་བརྡར་ལས་རིམ་ ལཱ་གཡོག་གི་ གོ་སྐབས་དང་འཁྲིལ་ཏེ་ རིག་རྩལ་ཡར་དྲག་གཏང་ནིའི་ ཤེས་ཡོན་བྱིན་ནི་དང་ ལག་ཤེས་དང་འཕྲུལ་རིག་ལས་རིམ་དེ་ བཟོ་སྐྲུན་ལས་སྡེ་ནང་རྐྱངམ་གཅིག་ཡོདཔ་ལས་ ན་གཞོན་ཚུ་གིས་ ལཱ་གཡོག་གི་ གོ་སྐབས་ལེན་ མི་བཏུབ་དོ་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རིག་རྩལ་གྱི་ དགོས་མཁོ་དང་ ལཱ་གཡོག་གནས་སྟངས་ཀྱི་ གོ་སྐབས་དང་འཁྲིལ་ འཕྲུལ་རིག་སྦྱོང་བརྡར་དེ་ སྣ་ཚོགས་སྦེ་ བྱིན་དགོཔ་འདུག་ཟེར་ཨིན་པས།
བརྟག་ཞིབ་འབད་བའི་སྐབས་ དབང་པོ་སྐྱོན་ཅན་ཚུ་ ལཱ་གཡོག་མི་འཐོབ་ནི་གི་ ཉེན་ཁ་ཡོད་མི་དེ་ སེལ་ཐབས་འབད་ནི་ལུ་ གཞུང་གིས་ ལཱ་གཡོག་ཐབས་ལམ་དང་ རྒྱལ་ཡོངས་དབང་པོ་སྐྱོན་ཅན་སྲིད་བྱུས་༢༠༡༩ ཅན་མ་དེ་ ལག་ལེན་འཐབ་དགོ་པའི་ གྲོས་འདེབས་བཀོད་ནུག།
གལ་སྲིད་ ན་གཞོན་ལཱ་གཡོག་མེད་པའི་ དཀའ་ངལ་སེལ་མ་ཚུགས་པ་ཅིན་ ལྷག་པར་དུ་ ལཱ་གཡོག་མ་ཐོབ་མིའི་ ཚད་གཞི་ཡར་སེང་འགྱོ་ནི་བཟུམ་ཡོདཔ་ད་ འཆར་གཞི་༡༢ པ་ མཇུག་བསྡུ་ཁམས་ལུ་ ལཱ་གཡོག་འཚོལ་མི་ ན་གཞོན་༦༢,༧༤༣ དེ་ཅིག་ འཐོན་ནི་ཨིན་པས།
འབྲུག་ལུ་ ན་གཞོན་ལཱ་གཡོག་ མ་ཐོབ་མིའི་ གནད་དོན་གཅིག་༡ པོ་དེ་ མི་འབོར་གྱི་ འགྱུར་བ་ལུ་བརྟེན་ ལཱ་གཡོག་གོ་སྐབས་ཀྱི་ གནས་སྟངས་ཚུ་ནང་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
དཔེར་ན་ ལས་མི་དགོས་མཁོ་ནང་ ན་གཞོན་གྱི་ གྱངས་ཁ་ཡར་སེང་སོང་པ་ཅིན་ ན་གཞོན་ལཱ་གཡོག་ མ་ཐོབ་པའི་ གནས་ཚད་ལུ་ གནོད་ནི་ཨིནམ་ད་ དེ་ཡང་ མ་དངུལ་དང་ ཤེས་ཚད་ལས་འབད་རུང་ ན་གཞོན་ལས་མི་ཚུ་གིས་ ན་ལོན་ལས་མི་ཚུ་ལུ་ ལྷན་ཐབས་འབད་ཚུགས་མི་ལུ་བརྟེན་ཨིན་པས།
ལས་མི་བརྟག་ཞིབ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༠ ལས་༢༠༡༩ ཚུན་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ གྱངས་ཁ་དེ་ བརྒྱ་ཆ་༧-༡༧.༧ དེ་ཅིག་ ཡར་སེང་སོང་ཡོད་མི་ལས་ སྤྱི་ལོ་༢༠༡༨ ལུ་ བརྒྱ་ཆ་༡༥.༧ ལུ་ ཡར་སེང་སོང་མི་དེ་ ད་ལྟོ་ཚུན་ཚོད་ མཐོ་ཤོས་ཅིག་ཨིན་པས།
སྤྱི་ལོ་༢༠༡༩ ལུ་ ན་གཞོན་ལཱ་མེད་མིའི་ཚད་གཞི་ བརྒྱ་ཆ་༡༡.༩ ལུ་ ལྷོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༣.༩ དེ་ཅིག་ མར་བབས་སོང་ཡོདཔ་ད་ ལོ་བསྟར་བཞིན་དུ་ ན་གཞོན་ལཱ་གཡོག་མེད་པའི་ ཚད་གཞི་ཡར་སེང་སོང་མི་དེ་གིས་ མི་སྡེ་དཔལ་འབྱོར་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་མེད་མི་ མང་ཤོས་ར་ ཁྲོམ་སྡེ་ཚུ་ནང་ཡོདཔ་ལས་ གྲོང་གསེབ་དང་ཕྱདཔ་ད་ བཞི་ལྟབ་ཀྱིས་ མཐོ་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *