ལས་བྱེད་ཚོགས་ཆུང་གིས་ བརྡ་དོན་ལྟེ་བ་ཚུ་ལུ་ བརྟག་ཞིབ་འབད་བའི་བསྒང་ཡོདཔ།

༉ རྒྱལ་ཁབ་ཀྱི་ བརྡ་དོན་ལྟེ་བའི་ བདག་དབང་གི་ གནད་དོན་དེ་ སེལ་ཐབས་འབད་ཚུགས་ཚུགས་ལུ་ དུས་ཡུན་འགོར་ནི་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ལས་བྱེད་ཚོགས་ཆུང་ལུ་ གནད་དོན་ལུ་ ལོག་བརྟག་ཞིབ་འབད་དེ་ མདུན་ལམ་བཏོན་དགོཔ་སྦེ་ གསུངས་ཡོདཔ་ཨིན་པས།
དེ་ཡང་ ལྟེ་བའི་ལས་བྱེདཔ་༢༡༢ ཀྱིས་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ བློན་ཆེན་ལུ་ ཁོང་ལུ་ གོང་འཕེལ་དངུལ་ཁང་ ཡང་ཅིན་ རྒེད་འོག་བདག་སྐྱོང་གི་འོག་ལུ་ གཏན་འཇགས་ཀྱི་ ལས་བྱེདཔ་སྦེ་ བཞག་ནི་གི་ འོས་འབབ་གཟིགས་དགོ་པའི་ ཞུ་བ་འབད་མི་དང་འཁྲིལ་ཨིན་པས།
ལས་བྱེད་ཚོགས་ཆུང་ཡང་ བརྡ་དོན་ལྟེ་བའི་ གནད་དོན་སེལ་ནི་གི་ ཐབས་ཤེས་བཏོན་ནི་དང་ བརྟག་ཞིབ་འབད་ནི་ལུ་དམིགས་ཏེ་ གཞི་བཙུགས་འབད་ནུག།
རྒེད་འོག་ཚུ་ནང་ མི་སྡེ་ལྟེ་བ་ གཞི་བཙུགས་འབད་དེ་ ལོ་ངོ་བཅུ་ཕྲག་ལང་རུང་ ལྟེ་བའི་ལས་བྱེདཔ་ཚུ་གིས་ ལྟེ་བ་བདག་དབང་འབད་མི་ངོ་མ་ ག་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་པས།
ལས་བྱེད་ཚོགས་ཆུང་གིས་ གནད་དོན་དེ་ལུ་ བརྟག་ཞིབ་འབད་དེ་ སྙན་ཞུ་ཕུལ་མིའི་ནང་ གལ་སྲིད་ མི་སྡེ་ལྟེ་བའི་ ལས་བྱེདཔ་ཚུ་ འབྲུག་གོང་འཕེལ་དངུལ་ཁང་དང་ རྒེད་འོག་ལུ་ བཞག་པ་ཅིན་ ཕན་གནོད་སྐོར་ལས་མ་གཏོགས་ ཁ་གསལ་སྦེ་ བཀོད་དེ་མིན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ལས་བྱེདཔ་ཚོགས་ཆུང་ལུ་ ད་རུང་ རང་ལྡང་ཡུན་བརྟན་གྱི་ གནས་སྟངས་དང་ ལས་སྣ་བཟོ་ནི་ མི་སྡེ་ཞབས་ཏོག་གིས་ གཞུང་ལུ་ཟད་འགྲོ་ ཉུང་སུ་བཟོ་ནི་གིས་མ་དོ་བར་ དངུལ་འབྲེལ་གཙུག་སྡེ་དང་ ལས་སྡེ་ ལྷན་ཁག་ དེ་ལས་ གཞུང་ལས་ མི་སེར་ཞབས་ཏོག་གི་ ལས་སྣ་ཚུ་ བསྡུ་ལེན་འབད་དེ་ བརྡ་དོན་ལྟེ་བ་ཚུ་ མཉམ་སྡེབ་འབད་ནི་གི་ འོས་འབབ་ཚུ་ བལྟ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ བློན་ཆེན་གྱིས་ གསུངསམ་ཨིན་པས།
ལྟེ་བ་དེ་ སྤྱི་ལོ་༢༠༡༡ ལུ་ འབྲུག་འགྲེམ་རང་སྐྱོང་ལས་འཛིན་གྱིས་ གཞི་བཙུགས་འབད་ཡོད་རུང་ སྤྱི་ལོ་༢༠༡༥ ལས་ གྲོང་གསེབ་མི་སྡེའི་ནང་ དངུལ་འབྲེལ་ལུ་ གཙོ་རིམ་མངམ་བཟུང་ནི་དང་ གཞུང་ལས་མི་སེར་ཞབས་ཏོག་ཚུ་ ཡར་དྲག་གཏང་ཐབས་ལུ་ ལྟེ་བའི་ཞབས་ཏོག་དང་ འཛིན་སྐྱོང་འཐབ་ནིའི་ འགན་ཁུར་ཚུ་ འབྲུག་གོང་འཕེལ་དངུལ་ཁང་ལུ་ རྩིས་སྤྲོད་འབད་ནུག།
བློན་ཆེན་གྱིས་འབད་བ་ཅིན་ བརྟག་ཞིབ་སྙན་ཞུ་ནང་ ད་ལྟོའི་གནད་དོན་དེ་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ན་ དྭངས་གསལ་སྦེ་ བཀོད་དེ་མིན་འདུག་ཟེར་ཨིནམ་ད་ ཁོ་རའི་ ཚ་གྱང་དེ་ ལྟེ་བ་ག་དེ་སྦེ་ བཙུགས་ཅི་ག་དང་ ཧེ་མ་ ལག་ལེན་འཐབ་མི་ཚུ་མེན་པར་ ལེགས་བསྒྱུར་འབད་ནི་ལུ་ མདུན་ཕྱོགས་ཀྱི་ ཐབས་ཤེས་བཏོན་དགོཔ་དེ་ཨིན་ཟེར་ གསུངསམ་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ གནད་དོན་དེ་ ཕྱོགས་ལེ་ཤ་ཅིག་ལས་ བལྟ་དགོཔ་ཡོདཔ་ལས་ འཇམ་ཏོང་ཏོ་སྦེ་ ཐག་བཅད་ནི་ལུ་ ལཱ་ཁག་དུག་ཟེར་ཨིནམ་ད་ གལ་སྲིད་ འབྲུག་གོང་འཕེལ་དངུལ་ཁང་གི་འོག་ལུ་ བཙུགས་པ་ཅིན་ གཞུང་གིས་ དངུལ་ཀྲམ་ས་ཡ་༢༣༠ བྱིན་དགོ་པས་ཟེར་ཨིན་པས།
ལས་བྱེདཔ་ཚུ་གིས་ ཟླ་རིམ་དངུལ་ཕོགས་ ཡར་སེང་འབད་དགོཔ་སྦེ་ བློན་ཆེན་ལུ་ ཞུ་བ་ཕུལ་ཡོདཔ་ད་ ད་རེས་ ད་ལྟོ་ ཁོང་གིས་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༧,༢༤༥ ཐོབ་མི་དེ་ ལོ་༡༠ ལང་དོ་ཡོདཔ་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ མ་གཞི་ ཞི་གཡོགཔ་ཚུ་དང་གཅིག་ཁར་ བརྡ་དོན་ལྟེ་བའི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡང་ ཡར་སེང་འབད་དགོཔ་ཅིག་ཨིན་རུང་ ཡར་སེང་འབད་ནི་ལུ་ གཞི་བཞག་ས་ཅིག་ མིན་འདུག་ཟེར་ཨིནམ་ད་ ཚར་ཅིག་གཞི་བཀོད་བཟོ་བ་ཅིན་ གཞི་བཞག་ས་ཅིག་ འོང་ནི་ཨིན་རུང་ དུས་ཚོད་འགོར་ནི་མས་ཟེར་ གསུངསམ་ཨིན་པས།
རྒེད་འོག་༢༠༥ གི་ མི་སྡེ་ལྟེ་བ་ག་ར་ལུ་ དངུལ་ཕོགས་འདྲན་འདྲ་མི་ཐོབ་འོང་ཟེར་ཨིནམ་ད་ གལ་སྲིད་ ལས་བྱེདཔ་ཚུ་ལུ་ ཐབས་ཤེས་ལེགས་ཤོམ་ཡོད་པ་ཅིན་ དངུལ་ཕོགས་མངམ་སྦེ་ སྤྲོད་ནི་དང་ ཞབས་ཏོག་ཡང་ ལེགས་ཤོམ་བྱིན་ཚུགས་ནི་མས་ཟེར་ཨིན་པས།
གལ་སྲིད་ ཞབས་ཏོག་དེ་ ལེགས་བསྒྱུར་འབད་བ་ཅིན་ མི་མང་ག་ར་ལུ་ ཕན་ཐོགས་འབྱུང་བཅུག་དགོ་ཟེར་ཨིནམ་ད་ ད་རེས་ མི་སྡེ་ཞབས་ཏོག་དེ་ ལས་སྡེ་ཁག་ཚུ་ནང་ ག་དེ་སྦེ་ རྩིས་སྤྲོད་འབད་ཡོད་ག་ ཡིག་ཆ་ཚུ་ཡང་ མིན་འདུག་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *