ལས་གཡོག་ལྷན་ཁག་གིས་ དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་ལམ་ལུགས་ དམ་དམ་སྦེ་ར་ ལྟ་རྟོག་འབད་ནི།

༉ ན་ཧིང་ ཚོང་ལས་ཁང་༢༠༠ དེ་ཅིག་གིས་ ངོས་འཛིན་ཅན་གྱི་ དངུལ་འབྲེལ་གཙུག་སྡེ་ཚུ་ནང་ དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ ལམ་ལུགས་ནང་ ཐོ་བཀོད་འབད་ནུག།
དེ་གིས་ སྤྱི་ལོ་༢༠༡༨ ཀྱི་ཟླཝ་༧ པའི་ནང་འཁོད་ལུ་ ཞི་གཡོག་མ་བརྩིས་བར་ ལམ་ལུགས་ནང་ ཐོ་བཀོད་འབད་མི་༥༥,༩༠༤ དང་ དུས་ཅི་ སྤྱི་ཟླ་༧ པའི་ནང་འཁོད་ལུ་༦༥,༥༨༣ ལུ་ ཡར་སེང་སོང་མི་དེ་ བརྒྱ་ཆ་༡༧.༣ དེ་ཅིག་གི་ རྩིས་ཨིན་པས།
དེ་ཡང་ ལས་གཡོག་ལྷན་ཁག་གིས་ སྒེར་གྱི་ཚོང་ལས་ཁང་ཚུ་གིས་ ཁོ་རའི་ ལཱ་འབད་མི་ཚུ་གི་དོན་ལུ་ དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་ལམ་ལུགས་ནང་ བཙུགས་དགོཔ་སྦེ་ ཁྱབ་བསྒྲགས་འབད་མི་ལུ་བརྟེན་ཨིན་པས།
ན་ཧིང་ལས་ འགོ་བཙུགས་ཏེ་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༣༡ གི་ནང་འཁོད་ལུ་ ཐོ་བཀོད་འབད་དགོཔ་སྦེ་ ཁྱབ་བསྒྲགས་བཏང་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ ད་རུང་ ཁྱབ་བསྒྲགས་འབད་མི་དང་འཁྲིལཝ་ད་ ཧེ་མ་ལས་ ཁྱབ་བསྒྲགས་བཏང་རུང་ མང་ཤོས་ཅིག་གིས་ ལམ་ལུགས་ནང་ བཅའ་མར་མ་གཏོགས་པས་ཟེར་ཨིན་པས།
ཁྱབ་བསྒྲགས་དེ་ཡང་ ལས་མི་དང་ལཱ་གཡོག་གི་བཅའ་ཁྲིམས་༢༠༠༧ ཅན་མའི་ དོན་ཚན་༩༩ པའི་ནང་ ལས་གཡོགཔ་ཅིག་ གཡོག་ནང་ལས་དགོངས་ཞུའི་ ཁེ་ཕན་ཚུ་གི་ཐོབ་ལམ་ཚུ་ དགོངས་ཞུའི་གསོལ་རས་དང་ འཚོ་རྟེན་མ་དངུལ་ ཡང་ན་ རྒས་ཕོགས་མ་དངུལ་བྱིན་དགོཔ་བཀོད་མི་དང་ བཅའ་ཁྲིམས་ཀྱི་སྒྲིག་གཞི་དང་འཁྲིལ་ཏེ་ཨིན་པས།
རྒྱལ་སྤྱིའི་ལས་མི་ཚོགས་སྡེ་གིས་འབད་རུང་ སྒེར་སྡེ་དང་ ཡང་ན་ གཞུང་གི་ལས་མི་ཚུ་གིས་ ཁེ་ཕན་འདྲ་མཉམ་བྱིན་དགོཔ་སྦེ་ ཡོདཔ་ཨིན་པས།
ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ ཁྱབ་བསྒྲགས་བཏང་བའི་སྐབས་ ལམ་ལུགས་ནང་ ཐོ་བཀོད་འབད་དགོ་པའི་ ཚེས་གྲངས་བྱིན་ཡོད་རུང་ ཚོང་ལས་ཁང་ཚུ་གིས་ ཐོ་བཀོད་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་དམིགས་ཏེ་ ལྷན་ཁག་གིས་ དུས་ཡུན་རིངམོ་སྦེ་ བཞག་ནི་ལུ་ ཐག་བཅད་ཡི་ཟེར་ཨིན་པས།
ལྷན་ཁག་གིས་ ཚོང་ལས་ཁང་ཚུ་ ཞིབ་དཔྱདཔ་བཙུགས་ཐོག་ལས་ དམ་དམ་སྦེ་ར་ ལྟ་རྟོག་འབད་ནི་ཨིནམ་མ་ཚད་ གལ་སྲིད་ ཚོང་ལས་ཁང་ཚུ་གིས་ བཅའ་ཁྲིམས་དང་ འགལ་བའི་ལཱ་བྱ་འབད་བ་ཅིན་ ཁྱབ་བསྒྲགས་དང་འཁྲིལ་ཏེ་ ལེགས་བཅོས་གསལ་བསྒྲགས་འབད་བའི་ཤུལ་ལས་ དེ་དང་འཁྲིལ་ཏེ་ འཐུས་ཤོར་བྱུང་མི་ལུ་ ཉེས་ཆད་བཀལ་ནིའི་ ཡི་གུ་བྱིན་འོང་ཟེར་ཨིན་པས།
ཞི་གཡོགཔ་མ་རྩིས་བར་ ད་རེས་ ལས་འཛིན་དང་ སྒེར་སྡེ་ནང་ ལཱ་འབད་མི་༦༥,༥༨༣ དེ་ཅིག་ ངོས་འཛིན་ཅན་གྱི་ དངུལ་འབྲེལ་གཙུག་སྡེ་ཚུ་ནང་ དགོངས་ཞུ་དང་འཚོ་རྟེན་མ་དངུལ་གྱི་དོན་ལུ་ ཐོ་བཀོད་འབད་དེ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཚོང་ལས་ཁང་༡༥,༣༧༡ ཡོད་པའི་གྲས་ལས་༢,༥༠༤ གིས་ ལམ་ལུགས་ཀྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ད་ ནང་འཁོད་ཞབས་ཏོག་བཅའ་ཡིག་དེ་ ལྷན་ཁག་གིས་ ཆ་འཇོག་འབད་དགོཔ་ད་ དེ་ནང་ དམིགས་བསལ་དུ་ ལམ་ལུགས་དེ་གིས་ ལས་བྱེདཔ་ཚུ་ལུ་ ཕན་ཐོགས་ཚུགས་པའི་ སྡེ་ཚན་ཚུ་ནང་ བཀོད་དགོ་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ དགོངས་ཞུའི་གསོལ་རས་འཐོབ་ནིའི་ ལམ་ལུགས་ཡོད་རུང་ ད་ལྟོ་ ཚོང་ལས་ཁང་ཚུ་གིས་ དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་ལམ་ལུགས་ནང་ ཐོ་བཀོད་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ ཡོད་ཟེར་ཨིན་པས།
ལཱ་བྱིན་མི་དང་ ལཱ་འབད་མི་ ལ་ལོ་ཅིག་གིས་ ལམ་ལུགས་ནང་ ཐོ་བཀོད་འབད་བ་ཅིན་ ཆུད་ཟད་འགྱོ་ནི་དང་ གནད་དོན་གཞན་ཚུ་ལུ་བརྟེན་ ཐོ་བཀོད་འབད་མི་བཏུབ་པས་ཟེར་ཨིནམ་ད་ ལཱ་འབད་མི་ཚུ་ ལཱ་ཅིག་ལས་ གཞན་ལུ་འགྱོ་ནི་དེ་གིས་ ལཱ་སྤྲོད་མི་ཚུ་ལུ་ ལམ་ལུགས་ནང་ ཐོ་བཀོད་འབད་ནི་ལུ་ གདོང་ལེན་བྱུང་དོ་ཡོད་རུང་ ལྷན་ཁག་གིས ལམ་ལུགས་ཀྱི་ཁེ་ཕན་གྱི་སྐོར་ལས གོ་བ་བརྡ་སྤྲོད་ཚུ་ འབད་བཞིན་དུ་ཡོད་ཟེར་ཨིན་པས།
ལག་ལེན་མ་འཐབ་པར་བཞག་མི་ ལམ་ལུགས་ཀྱི་རྩིས་ཁྲ་དེ་ ཉིན་གྲངས་༣༠ ལས་ལྷག་སྟེ་ ཏི་རུ་མ་བཙུགས་མི་ལུ་ དགོ་དོ་ཡོདཔ་ད་ ད་རེས་ ཚོང་འབྲེལ་ལས་ཁང་༡,༠༠༠ དེ་ཅིག་གི་ རྩིས་ཁྲ་ཚུ་ ལག་ལེན་མ་འཐབ་པར་ཡོད་པའི་ཁར་ ཚོང་ལས་ཁང་ལ་ལོ་ཅིག་གིས་ ལམ་ལུགས་ནང་ ཟླཝ་དག་པ་ཅིག་གི་ ཏི་རུ་ཚུ་ སྟབས་གཅིག་ཁར་ བཏབ་མི་ཡང་འདུག་ཟེར་ཨིན་པས།
དེ་ལས་ ཚོང་ལས་ཁང་ ལ་ལོ་ཅིག་གི་ ལས་བྱེདཔ་ཚུ་གིས་ སྙན་ཞུ་མ་འབད་བར་ དགོངས་ཞུ་འབད་དེ་ འགྱོ་དོ་ཡོདཔ་ལས་ ལམ་ལུགས་ཀྱི་རྩིས་ཁྲ་དེ་ ལག་ལེན་མ་འཐབ་པར་ བཞག་དོ་ཡོདཔ་བཞིན་དུ་ ཉིན་གྲངས་༡༠༠-༡,༠༠༠ དེ་ཅིག་ རྩིས་ཁྲ༌ཚུ་ ཁ་ཕྱེས་བཞག་ནུག་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁྱབ་བསྒྲགས་ཀྱི་ ཚེས་གྲངས་དེ་ ད་རེས་ཀྱི་ཟླཝ་ནང་ མཇུག་བསྡུ་དོ་ཡོདཔ་ལས་ ལམ་ལུགས་ཀྱི་དོན་ལུ་ ཐོ་བཀོད་མ་འབད་མི་ ཚོང་ལས་ཁང་ཚུ་ བཅའ་ཁྲིམས་དང་འཁྲིལ་ཏེ་ དམ་དམ་སྦེ་ར་ ངོས་ལེན་འབད་ནི་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ གྱི་ཟླཝ་༡༢ པའི་ནང་ རྒྱལ་ཁབ་ནང་ སྒེར་སྡེ་ཆུང་བ་༩,༨༣༦ དང་ བར་མ་༣,༢༥༥ དེ་ལས་ ཆེ་བ་༢,༢༨༠ དེ་ཅིག་ཡོད་པའི་ཁར་ ནང་བཟོ་དང་བཟོ་གྲྭ་ཆུང་བ་༢༦,༠༧༡ དང་ བཟོ་གྲྭ་ཆེ་བ་༡༨,༥༣༩ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *