ནགས་ཚལ་འགོ་དཔོན་ཚུ་གིས་ ལམ་འགྲུལཔ་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་བའི་བསྒང་།

ལམ་འགྲུལཔ་ཚུ་གིས་ སྤྱ་ཚུ་ལུ་ བཞེས་སྒོ་བྱིན་མི་དང་ ཕྱགས་སྙིགས་བཀོག་ནི་ལས་ འཛེམ་དགོཔ།

སོ་ནམ་དང་ནགས་ཚལ་ལྷན་ཁག་ ནགས་ཚལ་ལས་ཁུངས་ཀྱིས་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ དེ་ལས་ སྤ་རོའི་གཞུང་ལས་བདའ་སྟེ་ ལམ་འགྲུལཔ་ཚུ་གིས་ རི་དྭགས་སེམས་ཅན་ལུ་ བཞེས་སྒོ་བྱིན་མི་དང་ ཕྱགས་སྙིགས་འཛིན་སྐྱོང་གི་སྐོར་ལས་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།

ནགས་ཚལ་ལས་ཁུངས་འོག་ལས་ ནགས་ཚལ་ལས་བྱེདཔ་ཚུ་ སྡེ་ཚན་སྦེ་ དབྱེ་ཞིནམ་ལས་ ཕུན་ཚོགས་གླིང་ མཁར་པཱན་ཌི་ཞིབ་དཔྱད་སྒོ་ར་དང་ སྤ་རོ་དང་ཐིམ་ཕུག་གི་གཞུང་ལམ་ དེ་ལས་ ཐིམ་ཕུག་དང་སྤ་རོ་ལས་ ཕུན་ཚོགས་གླིང་འགྱོ་བའི་ལམ་ཁར་ སྡེ་ཚན་༣ བགོ་བཤའ་རྐྱབ་སྟེ་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཅི།

ནགས་ཚལ་འགོ་དཔོན་ཚུ་གིས་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་རེ་རེ་བཞིན་དུའི་ དེད་གཡོགཔ་དང་ འགྲུལ་པ་ཚུ་ལུ་ སེམས་ཅན་ཚུ་ལུ་ བཞེས་སྒོ་བྱིན་མ་ཆོག་པའི་ཁར་ ཕྱགས་སྙིགས་འཛིན་སྐྱོང་འཐབ་དགོ་པའི་སྐོར་ལས་ཡང་ གོ་བརྡ་སྤྲོད་ཅི།

སྤ་རོ་དང་ ཐིམ་ཕུག་གི་གཞུང་ལམ་བདའ་སྟེ་ ནགས་ཚལ་འགོ་དཔོན་སྡེ་ཚན་ཅིག་ ཆུ་འཛོམས་ཞིབ་དཔྱད་སྒོ་ར་ཡོད་ས་ལས་ སྤ་རོ་ཁ་ཐུག་ ཀི་ལོ་མི་ཊར་༡ དེ་ཅིག་ལུ་ སྣུམ་འཁོར་ཚུ་བཀག་ཞིནམ་ལས་ གོ་བརྡ་སྤེལ་ཡི།

ལས་རིམ་དེ་ནང་ ཁྲིམས་སྲུང་འགག་པའི་སྣུམ་འཁོར་བརྡ་སྟོན་སྡེ་ཚན་ལས་ འགོ་དཔོན་ཅིག་ འོང་ཞིནམ་ལས་ སྣུམ་འཁོར་ཚུ་བཀག་ནིའི་ རྒྱབ་སྐྱོར་འབད་ཡི།

སྤ་རོ་ནགས་ཚལ་སྡེ་ཚན་ལས་ ནགས་ཚལ་འགོ་དཔོན་ ཟླ་བ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ མི་ཚུ་གིས་ བྱམས་པའི་སྒོ་ལས་ ལམ་བདའ་སྟེ་ འཁྱམས་མི་སྤྱ་ཚུ་ལུ་ བཞེས་སྒོ་དང་ ཤིང་འབྲས་ཀྱི་རིགས་ཚུ་ བྱིན་དོ་ཡོདཔ་ཨིན་རུང་ སྤྱ་དེ་ཚུ་ ལང་ཤོར་ཐལ་ཏེ་ དུས་རྒྱུན་དུ་ སྣུམ་འཁོར་ལམ་བདའ་སྟེ་ འཁྱམས་སྡོད་དོ་ཡོདཔ་ལས་ སྣུམ་འཁོར་གྱི་ རྒྱུན་འགྲུལ་ལུ་ སྟབས་མ་བདེཝ་བཟོ་དོ་ཡོདཔ་མ་ཚད་ སྣུམ་འཁོར་ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་ཡང་འདུག་ཟེར་ཨིན་པས།

ནགས་ཚལ་འགོ་དཔོན་ སླབ་མིའི་ནང་ ད་བཟུམ་སྦེ་ མི་ཚུ་གིས་ སྣུམ་འཁོར་ནང་ལས་ ཕྱགས་སྙིགས་ཚུ་ སྣང་མེད་སྦེ་བཀོག་མི་དེ་གིས་ མཐའ་འཁོར་ཁམས་ལོག་སི་སི་ བཟོཝ་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྤ་རོ་ནགས་ཚལ་སྡེ་ཚན་འོག་གི་ ནགས་ཚལ་ལས་བྱེདཔ་ག་རའི་ སྣུམ་འཁོར་ནང་ ཕྱགས་སྙིགས་བླུག་ནིའི་ཕད་ཙི་རེ་ཡོད་ཟེར་ཨིནམ་ད་ ཕྱགས་སྙིགས་ག་ཏེ་མཐོང་རུང་ འཐུ་ཞིནམ་ལས་ ཡིག་ཚང་གི་སྦོ་ལོགས་ཁར་ ཕྱགས་སྙིགས་བླུག་སར་ འབག་འགྱོ་དོ་ཟེར་ཨིན་པས།

དེ་བཟུམ་སྦེ་ མི་ག་ར་གིས་ ཕྱགས་སྙིགས་དེ་སྦེ་མ་འཐུ་རུང་ རང་གི་ཕྱགས་སྙིགས་ཚུ་ ག་ལྷོད་མ་བཀོག་བར་ བདག་འཛིན་འཐབ་པ་ཅིན་ དེ་གིས་ར་ མཐའ་འཁོར་གཙང་སྦྲ་དང་ལྡནམ་སྦེ་བཞག་ནི་ལུ་ ཕན་སྦོམ་ཐོགས་ཚུགས་ཟེར་ཨིན་པས།

ནགས་ཚལ་འགོ་དཔོན་ཚུ་གིས་ ཟླ་རིམ་བཞིན་དུ་ སྤྱི་ཚེས་༩ ལུ་ ཕྱགས་སྙིགས་དང་འབྲེལ་བའི་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ མི་མང་ཤོས་ཀྱི་ ཕྱགས་སྙིགས་ཚུ་ སྣང་མེད་སྦེ་བཀོག་བཏངམ་མས་ཟེར་ཨིན་པས།

ནགས་ཚལ་འགོ་དཔོན་ཚུ་གིས་ ལྟ་བཤལ་པའི་སྣུ་འཁོར་ཚུ་ཡང་ བཀག་ཞིནམ་ལས་ ཁོང་ར་གིས་ར་ སྤྱ་ལུ་བཞེས་སྒོ་བྱིན་མ་ཆོགཔ་ད་ ཕྱགས་སྙིགས་ག་ལྷོད་མ་བཀོག་ཟེར་བའི་ གོ་བརྡ་སྤེལ་ཡི།

དེ་མ་ཚད་ གླ་འཁོར་དང་ སྣུམ་འཁོར་གཞན་ བཀག་བཞག་མི་ཚུ་གུ་ ཕྱགས་སྙིགས་དང་ སེམས་ཅན་ཚུ་ལུ་ བཞེས་སྒོ་མ་བྱིན་ཟེར་ བཀོད་ཡོད་པའི་ ཤོག་བྱང་ཚུ་ སྦྱར་ཡི།

གླ་འཁོར་དེད་གཡོགཔ་ འཇིགས་མེད་ཀྱིས་ སླབ་མིའི་ནང་ དེ་བཟུམ་གྱི་ གོ་བརྡའི་ལས་རིམ་ཚུ་ འཕྲལ་འཕྲལ་ར་ འབད་དགོཔ་འདུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མི་ཚུ་གིས་ ལམ་བདའ་ཡོད་པའི་སྤྱ་ཚུ་ལུ་ བཞེས་སྒོ་བྱིན་པའི་བསྒང་ལས་ སྤྱ་ཚུ་ཚལ་མ་ནང་ མ་སྡོད་པར་ ལམ་ཁར་ཐོན་སྡོད་དོ་ཡོདཔ་ལས་ སྣུམ་འཁོར་གྱི་རྒྱུན་འགྲུལ་ལུ་ བར་ཆད་རྐྱབ་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ མི་ལ་ལོ་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་མི་ཡང་འདུག་ཟེར་ཨིནམ་ད་ ཨིན་རུང་ ཁོ་གིས་ འགྲུལ་པ་ཚུ་ལུ་ སྣུམ་འཁོར་ནང་ ཕྱགས་སྙིགས་བཀོག་མ་བཏུབ་པའི་སྐོར་ལས་དང་ སེམས་ཅན་ཚུ་ལུ་ བཞེས་སྒོ་བྱིན་ནིའི་ཐད་ཁར་ སྣུམ་འཁོར་ཚུ་ བསྒུག་གནང་ཟེར་སླབ་པའི་སྐབས་ བསྒུག་ནི་མེད་ཟེར་ཨིན་པས།

དེ་བཟུམ་མའི་ གོ་བརྡ་སྤེལ་མི་དེ་གིས་ སྤྱ་དང་འབྲེལ་བའི་དཀའ་ངལ་དང་ ཕྱགས་སྙིགས་མར་ཕབ་འབད་ནིའི་ནང་ ཕན་ཐབས་སྦོམ་འབྱུང་འོང་མནོ་བའི་རེ་བ་ཡོད་ཟེར་ གླ་འཁོར་དེད་གཡོགཔ་དེ་གིས་ བཤདཔ་ཨིན་པས།

ནགས་ཚལ་འགོ་དཔོན་ སྐལ་བཟང་སྒྲོལ་མ་གིས་ སླབ་མིའི་ནང་ ཤུལ་ལས་ རྫོང་ཁག་སོ་སོའི་ ནགས་ཚལ་འགོ་དཔོན་ཚུ་གིས་ རང་སོའི་རྫོང་ཁག་ནང་ལས་ཕར་ དེ་བཟུམ་གྱི་ ལས་རིམ་ཚུ་ འཕྲལ་འཕྲལ་ར་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།

དེ་མ་ཚད་ གླ་འཁོར་ཚོགས་པ་དང་ འགྲུལ་སྐྱེལ་བཱསི་བཞག་སའི་ ས་ཁོངས་ནང་ལས་ཕར་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

ནགས་ཚལ་འགོ་དཔོན་ ཟླ་བ་གིས་ སླབ་མིའི་ནང་ ད་རེས་ གོ་བརྡ་སྤེལ་བའི་ཤུལ་ལས་ ངོས་ལེན་འབད་མ་བཏུབ་པ་ཅིན་ ཉེས་ཆད་བཀལ་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།

About admin

Check Also

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཐུན་རྐྱེན་བཏོག་མི་གིས་ གདོང་ལེན་འབྱུང་ནི།

༉ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ཚུན་ ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ དྲོ་པ་དང་ ཉིན་མའི་ལྟོ་དང་ འབྲུག་གཞུང་གིས་ ཚོད་བསྲེ་གི་ འཐུས་བྱིན་ཏེ་ཡོད་མི་དེ་ སང་ཕོད་ལས་ མི་བྱིན་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ …

Leave a Reply

Your email address will not be published. Required fields are marked *