སྤུ་ན་ཁ་རྟ་ལོག་ ལབ་རྩ་ཁ་སློབ་གྲྭ་ཆུང་བའི་ སློབ་དཔོན་ཚུ་གིས་ འགྲུལ་སྐྱོད་ཐོག་ལས་ ཨ་ལོ་ཚུ་ལུ་ སློབ་སྟོན་འབད་བའི་བསྒང་།

ལབ་རྩ་ཁ་སློབ་གྲྭ་ཆུང་བའི་ནང་ འགྲུལ་སྐྱོད་སློབ་སྟོན་ འགོ་བཙུགས་ཡོདཔ།

༉ སྤུ་ན་ཁ་རྟ་ལོག་ ལབ་རྩ་ཁ་སློབ་གྲྭ་ཆུང་བའི་ བློ་གསར་སློབ་རིམ་ནང་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་བུཚ་ཅིག་གིས་ ལག་པར་འཇའ་ཆི་ཆི་སྦེ་ པི་སི་བཟུང་སྟེ་ གསལ་བྱེད་ཨེ་འབྲི་ནི་ལུ་ ལཱ་ཁག་རྐྱབ་སར་ མཐོངམ་ཨིན་པས།
སློབ་དཔོན་མཁའ་འགྲོ་དབང་མོ་གིས་ ཁོ་འབད་སར་འོང་སྟེ་ ཨ་ལོ་དེ་གི་ ལགཔ་བཟུང་ཞིནམ་ལས་ ཡི་གུ་འབྲི་ཐངས་ཚུ་ སྟོན་བྱིནམ་ཨིན་པས།
བདུན་ཕྲག་༣ གྱི་ཧེ་མར་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ འབྲེལ་བ་འཐབ་ནི་ལུ་ བར་ཆད་རྐྱབ་མི་དེ་ཡང་ རྒྱང་མཐོང་དང་ རེ་ཌིའོ་ནང་ སློབ་སྟོན་འབད་མི་ལུ་བརྟེན་ ཨ་ལོ་ཚུ་ རང་སོའི་ཁྱིམ་ནང་ རང་རྐྱང་སྦེ་ ལུས་དོ་ཡོདཔ་ཨིན་པས།
ཨིན་རུང་ སློབ་གྲྭ་དེ་གིས་ འགྲུལ་སྐྱོད་སློབ་སྟོན་འབད་ནི་ འགོ་བཙུགས་མི་དེ་གིས་ གནས་སྟངས་དེ་ བསྒྱུར་བཅོས་སོང་ཡོདཔ་ད་ འགྲུལ་སྐྱོད་སློབ་སྟོན་ཚུ་ཡང་ རེས་གཟའ་མིག་དམར་དང་ ལྷག་པ་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ དྲོ་པའི་ཆུ་ཚོད་༩ ལས་༡ ཚུན་ སློབ་སྟོན་འབདཝ་ཨིན་པས།
སློབ་གྲྭའི་དབུ་འཛིན་ སྐལ་བཟང་དབང་ཕྱུག་དང་འཁྲིལཝ་ད་ འགྲུལ་སྐྱོད་སློབ་སྟོན་དེ་ ཨ་ལོ་ཕུད་རྡོག་༡ ཡང་ རྒྱབ་ཁར་བཀོག་མི་བཞག་ནི་ལུ་ དམིགས་ཏེ་ཨིན་པའི་ཁར་ ཨ་ལོའི་ཕམ་ཚུ་གི་ ཟད་འགྲོ་ཡང་ མར་ཕབ་རྐྱབ་ཐབས་ལུ་ཨིན་ཟེར་ཨིན་པས།
འགྲུལ་སྐྱོད་སློབ་སྟོན་དེ་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༡༡ པ་ཚུན་ འཕྲོ་མཐུད་འབད་ནིའི་ལས་རིམ་ཡོདཔ་ད་ ད་རེས་ སློབ་དཔོན་༩ གིས་ སྡེ་ཚན་བཟོ་ཡོདཔ་བཞིན་དུ་ སློབ་གྲྭ་གིས་ གདམ་འཐུ་འབད་མི་ རྟ་ལོག་དང་ ན་ལེནྜ་ ལབ་རྩ་ཁ་ དེ་ལས་ རྟ་ལོག་རྒེད་འོག་གི་ སློབ་གྲྭ་ཚུ་ནང་ འགྱོ་དོ་ཡོདཔ་ཨིན་པས།
སློབ་དཔོན་པདྨ་བདེ་སྐྱིད་ཀྱིས་ སླབ་མིའི་ནང་ སློབ་ཕྲུག་དག་པ་ཅིག་གིས་མ་གཏོགས་ གཞན་མི་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ ཤེས་ཡོན་མ་ལྷབ་པས་ཟེར་ཨིན་པས།
སློབ་དཔོན་རིག་འཛིན་ལྷ་མོ་གིས་འབད་བ་ཅིན་ འགྲུལ་སྐྱོད་སློབ་སྟོན་འགོ་བཙུགས་ཞིནམ་ལས་ ཡི་གུ་འབྲི་བཅུག་པའི་སྐབས་ སློབ་ཕྲུག་མང་ཤོས་ཅིག་གིས་ འཛོལ་ཏེ་འབྲི་དོ་ཡོད་པའི་ཁར་ གཞན་མི་ཚུ་གིས་ ཆ་རོགས་ལུ་ དྲི་སྡོདཔ་མས་ཟེར་ཨིན་པས།
རྟ་ལོག་རྒེད་འོག་ནང་ འགྲུལ་འཕྲིན་མོ་བ་ཡེལ་དང་ རྒྱང་མཐོང་གི་ཞབས་ཏོག་ཚུ་ ལེགས་ཤོམ་མེདཔ་ཨིན་པས།
མ་གཞི་ རྒེད་འོག་ནང་ མི་མང་ཤོས་ཅིག་ལུ་ རྒྱང་མཐོང་ཡོད་རུང་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ལུ་ སློབ་སྟོན་འབད་ནི་ལུ་ ཆ་རོགས་མི་འབད་དོ་ཡོདཔ་སྦེ་ སློབ་དཔོན་ཚུ་གིས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
འགྲུལ་སྐྱོད་སློབ་སྟོན་འབད་བའི་སྐབས་ སློབ་དཔོན་ཚུ་གིས་ ཡོད་ཐོ་ཚུ་ བརྒྱ་ལས་བརྒྱ་སྦེ་ར་ ངེས་བརྟན་བཟོ་དོ་ཡོདཔ་ད་ སློབ་དཔོན་མཁའ་འགྲོ་དབང་མོ་གིས་ སླབ་མིའི་ནང་ ཨ་ལོ་ན་གཞོན་ཚུ་ ཁོང་རའི་གདོང་ཁར་ ལམ་སྟོན་དང་ རྒྱབ་སྐྱོར་འབདཝ་ད་ར་ འཇམ་ཏོང་ཏོ་འདུག་ཟེར་ཨིན་པས།
ལབ་རྩ་ཁ་སློབ་གྲྭ་ཆུང་བའི་ནང་ སློབ་ཕྲུག་བསྡོམས་༡༠༤ ཡོདཔ་ཨིན་པས།
སློབ་གྲྭ་ནང་ འགྲུལ་སྐྱོད་སློབ་སྟོན་ འགོ་མ་བཙུགས་པའི་ཧེ་མར་ སློབ་གྲྭ་གིས་ ཨ་ལོའི་ཕམ་དང་ རྫོང་ཁག་ཚུ་དང་ གྲོས་བསྟུན་འབད་ཡོདཔ་ད་ སློབ་སྟོན་འབད་ས་ཡང་ ཆུ་ཡོད་ས་དང་ གནས་སྟངས་ལེགས་ཤོམ་ཡོད་པའི་ ས་གོ་ཚུ་ ངོས་འཛིན་འབད་ཡོདཔ་ཨིན་པས།
རྟ་ལོག་གི་ སོ་ནམ་པ་ཚུ་གིས་ འགྲུལ་སྐྱོད་སློབ་སྟོན་འབད་ནིའི་དོན་ལུ་ གྲྭ་ཚང་གི་སྤྱི་དོན་ཁང་དང་ རྒེད་འོག་ལྟེ་བའི་ ཞལ་འཛོམས་ཁང་ཚུ་ བྱིན་ཡོདཔ་ད་ དབུ་འཛིན་སྐལ་བཟང་དབང་ཕྱུག་གིས་ སླབ་མིའི་ནང་ དེ་བཟུམ་མའི་ ལས་རིམ་དེ་ལུ་ ཕམ་ཚུ་ལས་ ངོས་ལེན་སྦོམ་འདུག་ཟེར་ཨིན་པས།
སློབ་དཔོན་ཚུ་ ཕར་ཚུར་འགྲུལ་སྐྱོད་འབདཝ་ད་ ཨ་ལོའི་ཕམ་དང་ དེད་གཡོག་ཅིག་གིས་ རིན་མེད་སྟོང་པར་སྦེ་ སྐྱེལ་བྱིན་དོ་ཡོདཔ་ད་ སྣུམ་འཁོར་མེད་མི་ སློབ་དཔོན་ཚུ་ དབུ་འཛིན་གྱིས་ སྐྱེལ་ལེན་འབད་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *