ཐིམ་ཕུག་ལག་ཤེས་དང་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་།

ལག་ཤེས་དང་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ འཛུལ་ཞུགས་ཀྱི་ གྱངས་ཁ་མར་བབས།

༉ རྒྱལ་ཁབ་ནང་ ལག་རྩལ་ཤེས་ཡོན་སྦྱོང་བརྡར་ཡར་དྲག་གཏང་ནིའི་དོན་ལས་ ལས་རིམ་དང་ ལས་སྣ་ལེ་ཤ་ར་ འགོ་འདྲེན་འཐབ་ཡོད་རུང་ ན་གཞོན་ཚུ་གིས་ ལས་རིམ་དེ་ གདམ་ཁ་མཇུག་ཅིག་སྦེ་ ངོས་ལེན་འབདཝ་ཨིན་པས།
དུས་ཅི་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ མང་ཤོས་ནང་ འཛུལ་ཞུགས་འབད་མིའི་ གྱངས་ཁ་དེ་ མར་བབས་སོང་མི་དེ་ཡང་ སྤེལ་ཁང་གི་ དབུ་འཛིན་ལ་ལོ་ཅིག་གིས་ སློབ་རིམ་༡༡ པ་འཛུལ་ཞུགས་ཀྱི་ སྐུགས་ཚད་མེདཔ་བཟོ་མི་ལུ་བརྟེན་ འོང་ནི་མས་ཟེར་ བཤདཔ་ཨིན་རུང་ ལ་ལོ་གིས་འབད་བ་ཅིན་ དེ་གིས་ ཁྱད་པར་མ་བཟོཝ་འོང་ཟེར་ཨིན་པས།
ན་གཞོན་ཚུ་གིས་ ལག་ཤེས་སྦྱོང་བརྡར་གྱི་ གོ་སྐབས་མ་ལེན་མི་དེ་ སྤེལ་ཁང་གི་ ས་གོ་དང་འཁྲིལ་ འགྱོ་དོ་ཡོད་མི་དེ་ཡང་ སློབ་ཕྲུག་མང་ཤོས་ཀྱིས་ ཁྲོམ་སྡེ་ནང་ཡོད་མི་ སྤེལ་ཁང་ཚུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་གིས་ ས་སྟོང་ཚུ་ བསུབ་མ་ཚུགས་པར་ཡོདཔ་ལས་ ད་རེས་ བརྒྱ་ཆ་༣༠ རྐྱངམ་གཅིག་ ས་སྟོང་བསུབས་ཏེ་ཡོད་པའི་ཁར་ སྦྱོང་ཚན་ལ་ལོ་ཅིག་ནང་ ཞུ་ཡིག་བཙུགས་མི་ མ་ཐོན་ཟེར་ དབུ་འཛིན་ཚུ་གིས་ བཤདཔ་ཨིན་པས།
གཞུང་གིས་ དུས་ཅིའི་སློབ་དུས་ལས་ སློབ་རིམ་༡༠ པའི་ སྐུགས་ཚད་མེདཔ་བཟོ་སྟེ་ སྒེར་སྡེ་དང་ གཞུང་གི་སློབ་གྲྭ་ཚུ་ནང་ སློབ་གཉེར་གྲོགས་རམ་བྱིན་མི་ལུ་བརྟེན་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ མང་ཤོས་ཅིག་ སློབ་རིམ་༡༡ པའི་ནང་ ཤེས་ཡོན་ལྷབ་པའི་བསྒང་ཨིན་པས།
སྤེལ་ཁང་གི་ དབུ་འཛིན་ མང་ཤོས་ཅིག་གིས་ བཤད་མིའི་ནང་ ན་གཞོན་ཚུ་གིས་ སྦྱོང་བརྡར་ཚུ་ གདམ་ཁ་མཇུག་སྦེ་ བརྩི་འཇོག་འབད་མི་ལུ་བརྟེན་ དུས་ཅིའི་ལོ་ནང་ འཛུལ་ཞུགས་དེ་ འདས་པའི་ལོ་དང་ཕྱདཔ་ད་ ལེ་ཤ་གིས་ མར་བབས་སོང་མི་དེ་ཡང་ གཞུང་གིས་ སློབ་རིམ་༡༠ པའི་ སྲིད་བྱུས་བཟོ་མི་ལུ་བརྟེན་འོང་ནི་མས་ཟེར་ཨིན་པས།
སྤེལ་ཁང་ཚུ་ནང་ སློབ་ཕྲུག་ཚུ་ དབྱེ་ཁག་༢ སྦེ་ འཛུལ་ཞུགས་འབད་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ཚུ་ འོང་ནི་ཡོད་རུང་ ད་རེས་ མང་ཤོས་ཅིག་ ལཱ་གཡོག་འཚོལ་ཏེ་ ཡུན་རིངམོ་སོང་མི་ སློབ་རིམ་༡༠ པ་དང་༡༢ པ་ མཐར་འཁྱོལ་མི་ཚུ་ཡོདཔ་ད་ སྤེལ་ཁང་ལ་ལོ་ནང་ སྤྱི་ལོ་༢༠༡༨ ལུ་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ རེ་གཉིས་འོང་ཡོདཔ་ཨིན་པས།
ཐིམ་ཕུག་ལག་ཤེས་དང་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ནང་ འདས་པའི་རིང་ལུ་ སྦྱོང་བརྡར་གྱི་དོན་ལས་ ཞུ་ཡིག་བཙུགས་མི་ ལེ་ཤ་ཐོན་ཡོད་རུང་ ད་རེས་ ས་སྟོང་གང་མ་ཚུགས་པར་ཡོདཔ་ད་ དབུ་འཛིན་བསོད་ནམས་དབང་མོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཞུ་ཡིག་བརྒྱ་ལས་བཅད་དེ་ ལྷོད་ནི་ཡོད་རུང་ ད་རེས་ ཞུ་ཡིག་བཙུགས་མི་༤༠ ལས་བརྒལ་ མ་འོང་ཟེར་ཨིན་པས།
ལས་བྱེདཔ་ཚུ་གིས་ སློབ་ཕྲུག་ཚུ་འཚོལ་རུང་ མ་ཐོབ་ཟེར་ཨིནམ་ད་ མ་གཞི་ སྦྱོང་བརྡར་གྱི་དོན་ལུ་ སློབ་རིམ་༡༠ པ་མཐར་འཁྱོལ་མི་གསརཔ་དང་ རྙིངམ་༢ ཆ་ར་ འདྲན་འདྲ་འོང་ནི་ཡོད་རུང་ དུས་ཅི་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་གསརཔ་༢ ལས་བརྒལ་ མ་ཐོབ་ཟེར་ཨིན་པས།
སྤུ་ན་ཁ་ཁུ་རུ་ཐང་ ལག་ཤེས་སྦྱོང་བརྡར་སྤེལ་གྱི་དབུ་འཛིན་ ཡོན་ཏན་དཔལ་བཟང་གིས་ སླབ་མིའི་ནང་ སྦྱོང་ཚན་གཞན་ནང་ དཀའ་ངལ་མེད་རུང་ རྒྱལ་ཡོངས་ལག་ཁྱེར་གནས་ཚད་༣ ནང་ སློབ་ཕྲུག་མ་ལང་པའི་ གདོང་ལེན་བྱུང་མི་དེ་ སྲིད་བྱུས་བསྒྱུར་བཅོས་འགྱོ་མི་མེན་པར་ ཚད་གཞི་མ་ཚང་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
སྤེལ་ཁང་ནང་ འཛུལ་ཞུགས་ཀྱི་གྱངས་ཁ་དེ་ ཧེ་མ་ལས་ བསྒྱུར་བཅོས་འགྱོ་ནི་ཡོདཔ་ད་ ད་ལྟོ་ སྲིད་བྱུས་ལུ་བརྟེན་ཨིན་ན་ གཏན་འཁེལ་སྦེ་ སླབ་མི་ཤེས་པས་ཟེར་ ཡོན་ཏན་དཔལ་བཟང་གིས་ བཤད་པའི་ཁར་ དུས་ཅི་སྣུམ་འཁོར་བཅོས་ནི་གི་ སྦྱོང་བརྡར་ནང་ གྱངས་ཁ་མར་བབས་སོང་ནུག་ཟེར་ཨིན་པས།
གསར་སྤང་འཇིགས་མེད་དབང་ཕྱུག་གློག་མེ་སྦྱོང་བརྡར་སྤེལ་ཁང་གི་དབུ་འཛིན་ བློ་བཟང་རྡོ་རྗེ་གིས་ དུས་ཅི་ ན་གཞོན་འཛུལ་མི་མེད་པར་ ས་སྟོང་༢༤ ལུས་ཡོདཔ་བཞིན་དུ་ སྤེལ་ཁང་ནང་ སྤྱིར་བཏང་ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་རྐྱངམ་གཅིག་ འོང་ཡི་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤེལ་ཁང་ནང་ མང་ཤོས་ར་ སྤྱི་ལོ་༢༠༡༨ ནང་ སློབ་རིམ་༡༠ པ་དང་༡༢ པ་ མཐར་འཁྱོལ་མི་ཚུ་ཡོད་མི་ལས་ མང་ཤོས་ར་ གློག་མེ་རྒྱུན་སྤེལ་དང་ བཀྲམ་སྤེལ་སྦྱོང་བརྡར་ནང་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།
བུམ་ཐང་ཆུ་སྨད་ལག་ཤེས་སྦྱོང་བརྡར་སྤེལ་ཁང་གི་དབུ་འཛིན་ པདྨ་ཚེ་རིང་གིས་ ད་རེས་ ཚ་ལ་རྐྱབ་ནི་ སྦྱོང་བརྡར་འབད་མི་དག་པ་ཅིག་མ་གཏོགས་མེདཔ་ལས་ པདྨ་དགའ་ཚལ་དང་ དར་དཀར་ནང་ དེ་ལས་ གཞལམ་སྒང་རྫོང་ཁག་ནང་ འཚོལ་ཞིབ་འབད་བར་ འགྱོ་དགོཔ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྕགས་མཐུད་སྦྱོང་བརྡར་ནང་ མི་ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ སློབ་སྟོན་འབད་ནི་ འགོ་བཙུགས་མ་ཚུགས་པར་ཡོད་ཟེར་ཨིན་པས།
སློབ་ཕྲུག་འཛུལ་ཞུགས་ཀྱི་ གྱངས་ཁ་མར་བབས་སོང་མི་དེ་ གཞུང་གིས་ ལག་རྩལ་ཤེས་ཡོན་ཡར་དྲག་གཏང་ནིའི་དོན་ལུ་ འཆར་གཞི་དང་ ལས་སྣ་ཚུ་ བརྩམས་པའི་སྐབས་ ཐོན་ཡོདཔ་ད་ ལོ་༢ ཀྱི་ཤུལ་ལས་ ལག་ཤེས་སྦྱོང་བརྡར་ནང་ སློབ་རིམ་༡༢ པའི་ སློབ་ཕྲུག་རྐྱངམ་གཅིག་ འཛུལ་ཞུགས་འབད་བཅུག་ནི་དང་ སློབ་གྲྭ་ཚུ་ནང་ ལག་རྩལ་ཤེས་ཡོན་དེ་ གདམ་ཁ་ཅན་གྱི་ ཆོས་ཚན་བཟོ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ཨིན་རུང་ ལས་གཡོག་བློན་པོ་ ཨོ་རྒྱན་རྡོ་རྗེ་གིས་ བཤད་མིའི་ནང་ སྦྱོང་བརྡ་སྤེལ་ཁང་ཚུ་ནང་ འཛུལ་ཞུགས་བརྟག་ཞིབ་ཅིག་འབད་ནི་གི་ འཆར་གཞི་ཡོད་པའི་ཁར་ གཞུང་གིས་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ཚུ་ལུ་ སློབ་གཉེར་གྲོགས་རམ་ཐོག་ སྤེལ་ཁང་ཚུ་ལུ་ འཛུལ་ཞུགས་ཀྱི་ བར་ཆད་རྐྱབ་ཡོད་མེད་ འཛུལ་ཞུགས་མཇུག་བསྡུ་ཞིནམ་ལས་རྐྱངམ་གཅིག་ ཤེས་ཚུགས་ནི་མས་ཟེར་ཨིན་པས།
སྤེལ་ཁང་ཚུ་ནང་ སློབ་ཕྲུག་འཛུལ་ཞུགས་ཀྱི་ དཀའ་ངལ་དེ་ ཧེ་མ་ལས་ར་བྱུང་སྟེ་འདུག་ཟེར་ བློན་པོ་གིས་ བཤད་པའི་ཁར་ སློབ་ཕྲུག་ཚུ་ཡང་ མང་ཤོས་ར་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་རྐྱངམ་གཅིག་གིས་ འཛུལ་ཞུགས་འབད་དོ་ཡོདཔ་ལས་ གཞུང་གི་སློབ་རིམ་༡༡ པའི་དོན་ལུ་ སྐུགས་ཚད་མེདཔ་བཟོ་མི་ལུ་བརྟེན་མེན་པར་ སྤེལ་ཁང་ཚུ་གིས་ སློབ་ཕྲུག་ཚུ་ལངམ་སྦེ་ འཐོབ་ནི་དེ་ གདོང་ལེན་བྱུང་བཞིན་དུ་འདུག་ཟེར་ བཤདཔ་ཨིན་པས།
དེ་ཡང་ དཔེར་ན་ ཆུ་སྨད་ལག་ཤེས་སྦྱོང་བརྡར་སྤེལ་ཁང་ནང་ གནམ་གཤིས་གྱང་བསིལ་ཆེ་དྲགས་ནི་དེ་གིས་ སློབ་ཕྲུག་ཚུ་གིས་ འོང་མ་བཏུབ་པའི་ཁར་ ལྷོ་ཕྱོགས་ནང་འབད་རུང་ ཚ་དྲོད་ལུ་བརྟེན་ འོང་མི་བཏུབ་ཟེར་ཨིན་པས།
འཛུལ་ཞུགས་ནང་ དཀའ་ངལ་ཐོན་མི་དེ་ གནད་དོན་མང་རབས་ཅིག་འདུག་ཟེར་ཨིནམ་ད་ སྤེལ་ཁང་དང་ དབུ་འཛིན་དང་ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ ལག་རྩལ་ཤེས་ཡོན་ནང་ འཛུལ་ཞུགས་འབད་ནི་གི་ སེམས་ཤུགས་བསྐྱེད་དགོ་ཟེར་ ལས་གཡོག་བློན་པོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *