ད་རེས་ནངས་པར་ དོ་སྐྱེལ་མི་དང་ རྟ་ཚུ་ལུ་ དོ་སྐྱེལ་འདྲེན་གྱི་ ལཱ་གངམ་མེདཔ་མ་ཚད་ དབྱར་རྩྭ་དགུན་འབུབ་ཀྱི་ ཚོང་འབྲེལ་མར་བབས་སོང་ཡོདཔ་ལས་ ལ་ཡའི་སོ་ནམ་པ་ཚུ་ རྒེད་འོག་ནང་ བཟོ་སྐྲུན་གྱི་ ལཱ་འབད་དོ་ཡོདཔ་ཨིན་པས།

ལ་ཡ་ལུ་ ནང་འཁོད་མི་ཚུ་གིས་ བཟོ་སྐྲུན་གྱི་ལཱ་འབད་ནི་ལུ་ དང་འདོད་བསྐྱེད་དོ་ཡོདཔ།

༉ མགར་ས་རྫོང་ཁག་ ལ་ཡ་ལུ་ སློབ་གྲྭ་ལྟེ་བ་དང་ སྨན་ཁང་སྡེ་རིམ་༢ པའི་ ལས་བྱེད་པའི་སྡོད་ཁྱིམ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཤར་ཕྱོགས་དང་ ལྷོ་ཕྱོགས་ཀྱི་ལས་མིའི་ཚབ་ ལ་ཡ་གི་མི་༡༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཨིན་པས།

འདས་པའི་ལོ་ཚུ་ནང་འབད་བ་ཅིན་ བཟོ་སྐྲུན་ས་ཁོངས་ཚུ་ནང་ ལཱ་འབད་ནིའི་དོན་ལུ་ ལ་ཡ་ལས་ མི་ཕུད་རྡོག་༡ འཐོན་ནི་ལུ་ ལཱ་ཁག་ཡོད་རུང་ ད་རེས་ནངས་པར་ མི་༡༠ དགོ་པས་ཟེར་སླབ་རུང་ འཇམ་ཏོང་ཏོ་སྦེ་ འཐོན་ནི་འདུག་ཟེར་ ཤིང་བཟོཔ་པ་སངས་རྡོ་རྗེ་གིས་ བཤདཔ་ཨིན་པས།

ལ་ཡ་ལུ་ རྩིས་ལོ་༢༠༡༩ དང་༢༠༢༠ ལུ་ བཟོ་སྐྲུན་གྱི་ལཱ་ཁག་༡༡ དེ་ཅིག་འབད་ཆོགཔ་སྦེ་ གནང་བ་ཐོབ་ཡོདཔ་ལས་ ལཱ་འབད་བའི་བསྒང་ཡོདཔ་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ཡང་ ལོ་༢ ཀྱི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ཨིན་པས།

མགར་ས་རྫོང་ཁག་གི་ བཟོ་རིག་དཔོན་ཆོས་སྐྱིད་ཀྱིས་ སླབ་མི་དང་འཁྲིལ་བ་ཅིན་ མགར་སའི་གཞི་རྟེན་སྨན་ཁང་ སྤོ་བཤུད་འབད་མི་དང་ ལ་ཡ་སློབ་གྲྭ་ལྟེ་བའི་ བཟོ་བཀོད་ལེ་ཤ་ཅིག་ར་ བཟོ་སྐྲུན་འབད་དགོཔ་ཐོན་མི་ཚུ་ ད་ལྟོ་ འབད་བའི་བསྒང་ཡོདཔ་བཞིན་དུ་ འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ བཟོ་སྐྲུན་གྱི་ལཱ་ ཡར་སེང་སོང་ནུག་ཟེར་ཨིན་པས།

ཨམ་སྲུ་ཚུ་གིས་ཡང་ ལས་མི་སྦེ་ བཅའ་མར་གཏོགས་ཡོད་རུང་ ཉམས་མྱོང་དང་ རིག་རྩལ་མེདཔ་ལས་ ཁག་འབགཔ་ཚུ་གིས་ སྦྱོང་བརྡར་སྤྲོད་དོ་ཟེར་ཨིནམ་ད་ རིག་རྩལ་ཡོད་མི་ལས་མི་ཚུ་ ད་ལྟོའི་བར་ན་ཡང་ ཕྱིའི་ལས་མི་ཚུ་ ཡོད་ཟེར་ཨིན་པས།

པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ བཟོ་སྐྲུན་ས་ཁོངས་ནང་ ཨམ་སྲུ་༥༠ ཡོདཔ་ལས་ ཁོང་ཆ་ཁྱབ་ རྡོ་དང་ ཤིང་འབག་བསྐྱལ་ནི་ དེ་ལས་ གཞན་ལཱ་ཚུ་ཡང་ འབད་དོ་ཟེར་ཨིན་པས།

བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགསཔ་ཅིག་ཁར་ མ་དངུལ་དང་ ལཱ་ཚུ་ རྒེད་འོག་གིས་ སྤྲོད་དོ་ཡོདཔ་ལས་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ ལ་ཡ་གི་མི་སེར་ཚུ་ གདོང་ཁར་ཐོན་ཏེ་ ལཱ་འབད་བར་འོང་དགོཔ་སྦེ་ སླབ་ཅི་ཟེར་ དམངས་མི་ཚེ་དབང་གིས་ བཤད་ཅི།

རིག་རྩལ་ཅན་དང་ ལྕོགས་གྲུབ་ཡོད་མི་ ལས་མི་ཚུ་ལུ་ ཉིན་བསྟར་གླ་ཆ་དངུལ་ཀྲམ་༡༠༠༠ བྱིན་རུང་ ཉིན་མའི་ལྟོ་མེད་ཟེར་ཨིནམ་ད་ རིག་རྩལ་མེད་མི་ཚུ་ལུ་ དངུལ་ཀྲམ་༧༠༠ རེ་ སྤྲོད་དོ་ཡོདཔ་ཨིན་པས།

ལ་ཡཔ་ཚུ་གི་ འོང་འབབ་ལུ་ ཐོ་ཕོག་མི་དེ་ཡང་ དབྱར་རྩྭ་དགུན་འབུབ་དང་ སྔོ་སྨན་ དེ་ལས་ མཁོ་ཆས་སྐྱེལ་འདྲེན་འབད་མི་ མར་བབས་སོང་ཡོདཔ་ལས་ ལས་མི་སྦེ་ བཅའ་མར་གཏོགས་ནི་དེ་ ཡར་སེང་འགྱོ་དོ་ཟེར་ ལ་ཡ་རྒཔོ་ ལྷག་པ་ཚེ་རིང་གིས་ སླབ་ཨིན་པས།

ལ་ཡཔ་ཚུ་གིས་ འཕྲོ་མཐུད་དེ་ར་ ལ་ཡ་ལས་ ལུང་ནག་ནང་ཚུན་ ཅ་ཆས་ཚུ་ སྐྱེལ་འདྲེན་འབད་མི་དེ་ དབྱར་རྩྭ་དགུན་འབུབ་ཀྱི་ ཐོན་ཤུགས་མར་བབས་སོང་མི་དང་ ཚོང་ལཱ་གཞན་མེད་པའི་ གནས་སྟངས་གུ་ལྷོད་ནུག་ཟེར་ཨིན་པས།

ལ་ཡ་ལུ་ མི་རློབས་༩༠༠ དེ་ཅིག་ ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *