སཱ་ཊོ་ཟེར་མི་ གསང་སྤྱོད་ཀྱི་ འགྲེམ་སྟོན་འབད་བའི་བསྒང་།

ལ་ཡ་ལུ་ གཙང་སྦྲ་ལྡན་པའི་ གསང་སྤྱོད་བཟོ་སྐྲུན་འབད་དོ་ཡོདཔ།

༉ ལ་ཡ་གི་ ས་གནས་དེ་ ཚར་གྱིས་འཐག་མིའི་ཞྭམོ་དང་ གཡག་དང་ལུག་གི་ བལ་གྱིས་འཐག་མིའི་གྱོན་ཆས་ ཁྱད་ཆོས་མ་འདྲཝ་ཡོད་པའི་ ཡོངས་གྲགས་ཐོན་རུང་ ད་རེས་ནངས་པར་ ཁྱིམ་གྱི་བཟོ་བཀོད་ལས་འགོ་བཙུགས་ གྱུར་བ་སོང་ཡོདཔ་ཨིན་པས།
དེ་ཡང་ ཧེ་མ་གི་ བཟོ་བཀོད་ཐོག་ལུ་ ཁྱིམ་༣ དེ་ཅིག་མ་གཏོགས་ གཞན་ག་ར་ ཁྱིམ་གསརཔ་རྐྱབ་ཡོདཔ་ད་ མི་ཚུ་གི་ འཚོ་བའི་གནས་སྟངས་ཡང་ ཡར་དྲག་སོང་ཡོདཔ་ཨིན་པས།
བསྒྱུར་བཅོས་སོང་མིའི་གྲས་ལས་ ཁྱབ་ཆེ་ཤོས་ཅིག་ གསང་སྤྱོད་ཚུ་ཨིནམ་ད་ ཧེ་མ་འབད་བ་ཅིན་ ལྟ་བཤལཔ་དང་ མི་མང་གི་དོན་ལུ་ དཀའ་ངལ་ཅན་ཅིག་སྦེ་ཡོད་མི་དེ་ ད་རེས་ནངས་པར་ གསང་སྤྱོད་ཚུ་ ཧིང་སང་ས་སྦེ་ མཐོང་ཚུགས་པས།
ལ་མཐོ་ས་སྡོད་མི་ཚུ་ ཧེ་མ་བཟུམ་སྦེ་ ག་དང་གཅིག་ཁར་ཡང་ འབྲེལ་བ་མེད་པར་སྡོད་ནི་མེན་པར་ མི་རིགས་སྣ་ཚོགས་དང་གཅིག་ཁར་ འབྲེལ་བ་འཐབ་དོ་ཡོད་མི་དེ་ཡང་ རྒྱལ་ཡོངས་ལ་ཁའི་ དུས་སྟོན་ལུ་བརྟེན་ མི་མང་གི་རྒྱུད་ལུ་ འབྲེལ་བ་དང་ ཉམས་མྱོང་ཚུ་ ཐོབ་ནི་དེ་གིས་ཨིན་པས།
མགར་ས་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ རྡོ་རྗེ་མཁའ་འགྲོ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ལ་ཁའི་ དུས་སྟོན་ལུ་བརྟེན་ ལ་ཡ་པའི་མི་སེར་ཚུ་ལུ་ བསྒྱུར་བཅོས་སྦོམ་འབད་ཚུགས་ཅི་ཟེར་ཨིནམ་ད་ ཧེ་མ་ ཁུ་སིམ་སིམ་སྦེ་སྡོད་མི་དེ་ ད་རེས་ནངས་པར་ འུར་བྱེལ་གྱི་ མི་སྡེ་ཅིག་ལུ་ གྱུར་ཡོད་ཟེར་ཨིན་པས།
བཟའ་ཚང་ཚུ་གིས་ སྒྲིང་ཁྱིམ་རེ་བཟོ་སྐྲུན་འབད་དོ་ཡོད་པའི་ཁར་ ས་གནས་ཀྱི་ཆགས་ཚུལ་དེ་ མ་འདྲཝ་ཡོདཔ་ལས་ ལ་ཡ་གི་གཡུས་སྒོ་དེ་ མ་འདྲཝ་ཅིག་སྦེ་ དྲན་ཚོར་བྱུངམ་ཨིན་རུང་ གཙང་སྦྲ་འཕྲོད་བསྟེན་དེ་ ག་དེ་སྦེ་ ཡར་དྲག་སོང་ཡོདཔ་ཨིན་ན་ དྲི་བཀོད་འབད་མི་ཡང་ཐོནམ་ཨིན་པས།
རྒྱལ་ཡོངས་ལ་ཁའི་ དུས་སྟོན་འགོ་མ་བཙུགས་པའི་ཧེ་མར་ བུ་ཊཱན་ཊོའེ་ལེཊ་ལས་ཚོགས་ཀྱིས་ གསང་སྤྱོད་༧༠ གཞི་བཙུགས་འབད་ཡོདཔ་ད་ ལ་ཡ་ལུ་ཡང་ ས་དོང་རྐོ་སྟེ་བཟོ་མིའི་གསང་སྤྱོད་ཚུ་ དེང་སང་གི་ གསང་སྤྱོད་ལུ་ གྱུར་བ་སོང་ཡོདཔ་ཨིན་པས།
མགྱོན་ཁྱིམ་གཞི་བཙུགས་འབད་མི་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ ས་དོང་རྐོ་སྟེ་བཟོ་ཡོད་པའི་ གསང་སྤྱོད་ཚུ་ གཙང་སྦྲ་འཕྲོད་བསྟེན་དང་ མི་ལྡན་པས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ མགྱོནམ་ཚུ་གིས་ གསང་སྤྱོད་འཚོལ་བའི་བསྒང་ལས་ གཡང་བཟའཝ་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ སཱ་ཊོ་ཟེར་མི་ གསང་སྤྱོད་དེ་ སྟབས་བདེ་བས་ཟེར་ཨིནམ་ད་ ལག་ལེན་འཐབ་ནི་ལུ་ འཇམ་ཏོང་ཏོ་ཡོད་པའི་ཁར་ ཕར་ཚུར་འབག་ནི་ལུ་ཡང་ སྟབས་བདེ་དྲག་ཡོདཔ་ལས་ གསང་སྤྱོད་ཀྱི་ཚ་གྱང་ལང་དགོཔ་ མེད་ཟེར་ཨིན་པས།
ལ་ཡ་སློབ་གྲྭ་ལྟེ་བའི་སློབ་དཔོན་དང་ བུ་ཊཱན་ཊོའེ་ལེཊ་གི་ངོ་ཚབ་ འཕྲིན་ལས་རབ་རྒྱས་ཀྱིས་ ཧེ་མ་ཡོད་པའི་གསང་སྤྱོད་ཚུ་ དེང་སང་གི་གསང་སྤྱོད་ལུ་ བསྒྱུར་བཅོས་འབད་ནིའི་ནང་ མཉམ་རུབ་འབད་ཡོད་རུང་ ཧེ་མ་ གོ་བ་བརྡ་སྤྲོད་འབདཝ་ད་ དུམ་གྲ་ཅིག་ དཀའ་ངལ་བྱུང་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཨིན་རུང་ དེང་སང་གི་ གསང་སྤྱོད་ཚུ་ གླིང་བཞི་དང་ སྲོས་རྒེད་འོག་གི་ ས་གནས་ཚུ་ནང་ དར་ཁྱབ་འགྱོ་མ་ཚུགས་པར་ཡོདཔ་ལས་ སྲོས་རྒཔོ་ དཀོན་མཆོག་རྡོ་རྗེ་གིས་ ཀུན་གསལ་ལུ་བཤད་མིའི་ནང་ དེང་སང་གི་ གསང་སྤྱོད་ཚུ་ ང་བཅས་ཀྱི་གཡུས་སྒོ་དེ་ ས་ཁ་མཐོ་བའི་ཁར་ དྲོད་ཤུགས་མེད་ནི་དེ་གིས་ ཆུ་དུང་ནང་ ཁྱེགས་ཆགས་ཏེ་ ལག་ལེན་འཐབ་ནི་ལུ་ དཀའ་ངལ་འདུག་ཟེར་ཨིན་པས།
བི་ཊི་བོ་གི་ བཀོད་ཁྱབ་མདོ་ཆེན་ པ་སངས་ཚེ་རིང་གིས་ སླབ་མིའི་ནང་ དཀར་ཡོལ་གྱི་གསང་སྤྱོད་ སེ་ར་མིག་ཟེར་མི་དེ་ ས་ཁ་མཐོ་སའི་དོན་ལུ་ གདམ་ཁ་ལེགས་ཤོམ་མེན་ཟེར་ཨིནམ་ད་ ས་གནས་མཐོ་ས་ལུ་འབད་བ་ཅིན་ སཱ་ཊོ་ཟེར་མི་ གསང་སྤྱོད་དེ་ འོས་འབབ་ཡོད་ཟེར་ཨིན་པས།
སཱ་ཊོ་གསང་སྤྱོད་ ལག་ལེན་འཐབ་ནིའི་དོན་ལུ་ ཆུ་མི་ལི་མི་ཊར་༥༠༠ དགོཔ་ད་ གསང་སྤྱོད་བསུབ་ནིའི་ ཉེན་ཁ་ཡང་ ཉུང་སུ་ཅིག་མ་གཏོགས་མེདཔ་ལས་ དཀར་ཡོལ་གྱི་གསང་སྤྱོད་ སེ་ར་མིག་ ཚར་ཅིག་བཤལ་ནིའི་ཆུ་གིས་ སཱ་ཏོ་གསང་སྤྱོད་ཚར་༡༢ དེ་ཅིག་ ལག་ལེན་འཐབ་བཏུབ་ཟེར་ཨིན་པས།
རྡོ་རྗེ་མཁའ་འགྲོ་གིས་ སླབ་མིའི་ནང་ གཞུང་གིས་ དཀར་ཡོལ་གསང་སྤྱོད་ སེ་ར་མིག་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཅ་ཆས་མཁོ་སྒྲུབ་ཀྱི་ འཆར་དངུལ་འབུམ་༨༠༠ དེ་ཅིག་ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ མགྱོན་ཁྱིམ་ཚུ་ནང་ སཱ་ཊོ་གསང་སྤྱོད་དེ་ གནས་སྐབས་ཅིག་གི་དོན་ལུ་ ལག་ལེན་འཐབ་མས་ཟེར ཨིན་པས།
པ་སངས་ཚེ་རིང་གིས་ འབད་བ་ཅིན་ སཱ་ཊོ་གི་ གསང་སྤྱོད་ཚུ་ རྩི་ས་བླུགས་ཏེ་ ལེགས་བཅོས་འབད་ནིའི་ ཐབས་ལམ་སྟོན་པ་ཅིན་ ཡུན་རིང་གི་དོན་ལུ་ ལག་ལེན་འཐབ་བཏུབ་ཟེར་ བཤད་ཡོད་པའི་གནས་ཚུལ།

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *