ལ་ནོར་ལས་ ཐོན་སྐྱེད་འབད་མི་ བཟོས་འཐུད།

ལ་མཐོ་སའི་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ ཚོང་འབྲེལ་ལེགས་ཤོམ་འགྱོ་དོ་ཡོདཔ།

༉ སྤྱི་ཟླ་༧ པའི་ནང་ བཀྲིས་སྒང་སག་སྟེང་ལས་ ན་གཞོན་སྡེ་ཚན་ཅིག་གིས་ རྒྱལ་ཡོངས་ལ་མཐོ་ས་ཞིབ་འཚོལ་གོང་འཕེལ་ལས་རིམ་དང་ མཉམ་འབྲེལ་ཐོག་ལས་ ཐིམ་ཕུག་ལུ་ ལ་མཐོ་སའི་ སྒོ་ནོར་ཚོང་ཁང་ གཞི་བཙུགས་འབད་མི་དེ་ ད་རེས་ ཚོང་འབྲེལ་ལེགས་ཤོམ་སྦེ་ར་ འགྱོ་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༤ པ་ཚུན་ ན་གཞོན་སྡེ་ཚན་དེ་གིས་ བཟོས་འཐུད་ཀེ་ཇི་༢,༧༨༦ དེ་ཅིག་དང་ མར་ཀེ་ཇི་༡,༧༢༠ དེ་ཅིག་ འབག་འོང་མི་དེ་གིས་ ནད་ཡམས་ཀོ་བིཌ་-༡༩ ཐོན་པའི་ཤུལ་ལས་ སྒོ་ནོར་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནིའི་ནང་ གདོང་ལེན་བྱུང་མི་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
ཐིམ་ཕུག་ཨོ་ལ་ཁ་ སངས་རྒྱས་ཚོང་འབྲེལ་གྱི་ སྒྲིང་ཁྱིམ་ཉེ་འདབས་ལུ་ཡོད་མི་ ཚོང་ཁང་དེ་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་༣ དང་ ལྟ་བཤལ་ལས་སྡེ་ནང་ དེད་གཡོགཔ་སྦེ་ ལཱ་འབད་མི་༢ བརྩིས་ཏེ་ ཁོང་ན་གཞོན་༥ གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
སྡེ་ཚན་གྱི་ འཐུས་མི་ཅིག་ཨིན་མི་ པདྨ་མཁའ་འགྲོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོང་ཁང་ནང་ ཚོང་མགྲོན་པ་ཚུ་ འོང་དོ་ཡོདཔ་ལས་ ཨ་རྟག་ར་ མར་ཀེ་ཇི་༡༥ དང་ བཟོས་འཐུད་ཀེ་ཇི་༥ དང་༦ དེ་ཅིག་ བཙོང་ཚུགས་པས་ཟེར་ ཨིནམ་བཞིན་དུ་ སྡེ་ཚན་གྱིས་ ཐིམ་ཕུག་ཁྲོམ་སྡེའི་ ས་ཁོངས་ནང་ སྒོ་བཤལ་རྐྱབ་སྟེ་ སྐྱེལ་སྤྲོད་ཀྱི་ ཞབས་ཏོག་ཡང་ བྱིན་དོ་ཟེར་ཨིན་པས།
སྡེ་ཚན་གྱིས་ མི་སྡེ་གཞན་ཚུ་ནང་ལས་ཡང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ བསྡུ་ལེན་འབད་ནི་ལུ་ ལྟ་དོ་ཡོདཔ་ད་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་སྐབས་ སྡེ་ཚན་གྱིས་ ཧཱ་དང་ སྒར་ས་ དབང་འདུས་ཀྱི་ མི་ཚུ་ལས་ དར་ཚིལ་སྒོང་༡༠,༠༠༠ དང་ མར་ཀེ་ཇི་༥༠༠ དེ་ཅིག་ ཉོ་ཡོདཔ་མ་ཚད་ འདས་པའི་ཟླཝ་ནང་ མེ་རག་གི་ མི་སེར་ཚུ་ལས་ཡང་ མར་ཀེ་ཇི་༥༠༠ དེ་ཅིག་ ཉོ་ཡོདཔ་ཨིན་པས།
པདྨ་མཁའ་འགྲོ་གིས་ སླབ་མིའི་ནང་ སྡེ་ཚན་གྱིས་ ལ་མཐོ་སའི་ མི་སྡེ་གཞན་ཚུ་ལས་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ཉོ་ནིའི་ དཔའ་བཅམ་རུང་ གོང་ཚད་མཐོ་བས་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ ཧཱ་གི་མི་ཚུ་གིས་ མར་ཀེ་ཇི་༡ ལུ་ དངུལ་ཀྲམ་༧༠༠ དེ་ཅིག་ སླབ་དོ་ཡོདཔ་བཞིན་དུ་ སྡེ་ཚན་གྱིས་ སག་སྟེང་ལས་ མར་དང་ བཟོས་འཐུད་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༨༠ དེ་ཅིག་རྐྱངམ་གཅིག་ སྤྲོད་དོ་ཟེར་ཨིན་པས།
ད་ལྟོ་ཚུན་ སྡེ་ཚན་གྱིས་ ཐོན་སྐྱེད་གནས་གོང་དང་ སྐྱེལ་འདྲེན་གྱི་འཐུས་ དེ་ལས་ ཟླ་རིམ་གྱི་ཁང་གླ་ དངུལ་ཀྲམ་༣༢,༠༠༠ ཚུ་བརྩིས་ཏེ་ དངུལ་ཀྲམ་ས་ཡ་༡.༨ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་ད་ ཁ་ཙ་ཚུན་ ཚོང་ཁང་ནང་ བཟོས་འཐུད་ཀེ་ཇི་༦༠༠ དང་ མར་ཀེ་ཇི་༡༠༠ དེ་ཅིག་ སྡོད་ཡོདཔ་ཨིན་པས།
འཐུས་མི་གཞན་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ སྡེ་ཚན་གྱིས་ ཤོག་སྒམ་རྐྱབ་ནི་དང་ སྐམ་འཕྲུལ་ དེ་ལས་ ཁྱེགས་སྒྲོམ་ལ་སོགས་པའི་ ཞབས་ཏོག་ཚུ་གི་ཐོག་ལས་ ཚོང་འབྲེལ་དེ་ ཡར་དྲག་གཏང་ཚུགས་ནི་མས་ཟེར་ཨིན་པས།
སྡེ་ཚན་གྱིས་ སག་སྟེང་ལས་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ སྣུམ་འཁོར་བོ་ལེ་རོ་ལུ་ སྐྱེལ་འདྲེན་གྱི་འཐུས་ དངུལ་ཀྲམ་༣༢,༠༠༠ དང་ ཌི་སི་ཨེམ་ལུ་ དངུལ་ཀྲམ་༤༠,༠༠༠ དེ་ཅིག་ སྤྲོད་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *