ཀོ་ཕུ་ཀོ་ཨོམ་བཟོ་སྐྲུན་ཁང་།

རྫོང་ཁག་ཚོགས་འདུ་གིས་ ནང་འཁོད་ཨོམ་གྱི་ཐོན་སྐྱེད་ ལག་ལེན་འཐབ་དགོ་པའི་ གྲོས་ཆོད།

༉ བཀྲིས་སྒང་རྫོང་ཁག་དེ་ རྒྱལ་ཁབ་ནང་ ཨོམ་ཐོན་སྐྱེད་འབད་མིའི་གྲས་ལས་ དྲག་ཤོས་ཅིག་ཨིན་རུང་ ས་གནས་ཆེ་ན་རི་ལུ་ཡོད་པའི་ ཀོ་ཕུ་ཀོ་ཨོམ་བཟོ་སྐྲུན་ལས་སྡེ་གིས་ ཨོམ་དང་འབྲེལ་བའི་ ཐོན་སྐྱེད་ཀྱི་རིགས་ལུ་ ཚོང་ལམ་མེདཔ་ལས་ མི་སེར་ཚུ་ལུ་ ཐོ་ཕོག་སྟེ་ཡོདཔ་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ ཡང་གཉེར་དམངས་མི་ ཚེ་དབང་རྒྱལ་མཚན་གྱིས་ རྫོང་ཁག་གི་ཁ་ཐུག་ལས་ ལས་སྡེ་ལུ་ རྒྱབ་སྐྱོར་འབད་ནིའི་ དུས་ཚོད་མ་རན་ག་ཟེར་བའི་ གྲོས་གཞི་ཕུལ་བའི་སྐབས་ སྔོན་གསལ་བྱུང་ཡི།
དམངས་མི་ ཚེ་དབང་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ བཀྲིས་སྒང་རྫོང་ཁག་ནང་ མི་སེར་མང་ཤོས་ཀྱིས་ ཀོ་ཕུ་ཀོ་ཨོམ་བཟོ་སྐྲུན་ལས་བརྟེན་ མ་དངུལ་བཟོ་དོ་ཡོད་རུང་ གལ་སྲིད་ རྒྱབ་སྐྱོར་མ་འབད་བ་ཅིན་ མི་སེར་ཚུ་ རང་མགོ་རང་འདྲོང་སྡོད་ཚུགས་པར་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་མང་ཤོས་ཅིག་ནང་ སྒོ་ནོར་གསོ་སྐྱོང་ལུ་བརྟེན་ འོང་འབབ་བཟོ་དོ་ཡོདཔ་ལས་ ལས་སྡེ་ལུ་ རྒྱབ་སྐྱོར་འབད་དགོཔ་འདུག་ཟེར་ཨིན་པས།
རྫོང་ཁག་གི་ སློབ་གྲྭ་ཁག་དང་ མཐོ་རིམ་སློབ་གྲྭ་ དེ་ལས་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ ནང་འཁོད་ལས་ཐོན་པའི་ དར་ཚིལ་དང་ ཨོམ་གྱི་ཐོན་སྐྱེད་བྱིན་པ་ཅིན་ ལས་སྡེ་དང་ མི་སེར་ཚུ་ལུ་ ཕན་ཐོགས་ནི་མས་ཟེར་ དམངས་མི་ ཚེ་དབང་རྒྱལ་མཚན་གྱིས་ བཤད་པའི་ཁར་ ནང་འདྲེན་ཡང་ མར་ཕབ་འབད་ཚུགས་ཟེར་ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་སྡེ་ལུ་ཚོང་ལམ་མེད་པའི་སྐབས་ མི་སེར་ཚུ་ལུ་ ཐོ་ཕོག་དོ་ཡོདཔ་ལས་ བཀྲིས་སྒང་སློབ་གྲྭ་ག་རའི་ནང་ ནང་འཁོད་ལས་ཐོན་པའི་ ཨོམ་གྱི་ཐོན་སྐྱེད་ ལག་ལེན་འཐབ་དགོ་པའི་སྐོར་ལས་ རྫོང་ཁག་ཚོགས་འདུ་གིས་ གྲོས་ཐག་བཅད་དགོཔ་འདུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ལས་སྡེའི་ཁ་ཐུག་ལས་ ཨོམ་གྱི་རིན་དངུལ་ཚུ་ དུས་ཚོད་ཁར་ སྤྲོད་མ་བཏུབ་པའི་བསྒང་ལས་ མི་སེར་ཚུ་ ལཱ་འབད་ནི་ལུ་ སྤྲོ་བ་མེདཔ་ཐལཝ་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཀུན་བཟང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སློབ་གྲྭ་ལྟེ་བ་དང་ མཐོ་རིམ་སློབ་གྲྭ་ཚུ་ནང་ མང་ཤོས་ར་ ནང་འདྲེན་འབད་མི་ ཨོམ་གྱི་ཐོན་སྐྱེད་དང་ ཚོད་བསྲེ་ཚུ་ལག་ལེན་འཐབ་སྟེ་ འདུག་ཟེར་ཨིནམ་ད་  ནང་འཁོད་ལས་ཐོན་མིའི་ཐོན་སྐྱེད་ བཟའ་སྤྱོད་འབད་བ་ཅིན་ རྒྱལ་ཁབ་ལུ་ ཁེ་ཕན་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ནང་འདྲེན་འབད་མི་དང་ ནང་འཁོད་ལས་ཐོན་མི་ ཐོན་སྐྱེད་ཚུ་ལུ་ གོང་ཚད་ཀྱི་ཁྱད་པར་སྦོམ་མེད་རུང་ གོང་མཐོ་དྲག་པས་ཟེར་སླབ་སྟེ་ ཉོ་མི་དཀོན་སུ་ཅིག་ཨིན་མས་ཟེར་ཨིན་པས།
སློབ་ཕྲུག་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ལུ་ མནོ་བསམ་བཏང་སྟེ་ ནང་འཁོད་ལས་ཐོན་མི་ བཟའ་འཐུང་གི་རིགས་ལུ་ ཟད་འགྲོ་བཏང་དགོཔ་ཁག་ཆེ་བས་ཟེར་ རྒཔོ་ཀུན་བཟང་རྡོ་རྗེ་གིས་ བཤད་པའི་ཁར་ ནང་འཁོད་ལས་ཐོན་པའི་ ཨོམ་གྱི་ཐོན་སྐྱེད་ཚུ་ ལག་ལེན་འཐབ་པས་ཟེར་ཨིན་པས།
ས་གནས་གཞུང་གི་ འགོ་དཔོན་ལ་ལོ་གཅིག་གིས་ ནང་འཁོད་ཀྱི་ཐོན་སྐྱེད་ཚུ་ གོང་མཐོ་བས་ཟེར་སླབ་སྟེ་ སློབ་གྲྭ་བདག་སྐྱོང་གིས་ ཉོ་མི་བཏུབ་པས་ཟེར་ཨིན་པས།
ནང་འདྲེན་འབད་མི་ ཨོམ་གྱི་ཐོན་སྐྱེད་ཚུ་ གཙང་སྦྲ་ག་དེ་སྦེ་ཡོདཔ་ཨིན་ན་དང་ འཕྲོད་བསྟེན་ལུ་ ཕན་གནོད་ག་དེ་སྦེ་ཡོདཔ་ཨིན་ན་ཡང་ དབྱེ་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུ་གིས་ བཀྲིས་སྒང་སློབ་གྲྭ་ལྟེ་བ་དང་ མཐོ་རིམ་སློབ་གྲྭ་ དེ་ལས་ སྦྱོང་བརྡར་སྤེལ་ཁང་ཚུ་ལུ་ ནང་འདྲེན་གྱི་ཚབ་ལུ་ ནང་འཁོད་ལས་ཐོན་པའི་ ཐོན་སྐྱེད་ཚུ་ ལག་ལེན་འཐབ་དགོ་པའི་ གྲོས་ཐག་བཅད་གནང་ཡི།
ཀོ་ཕུ་ཀོ་ཨོམ་བཟོ་སྐྲུན་ལས་སྡེའི་ འཛིན་སྐྱོང་གཙོ་འཛིན་ ཨོ་རྒྱན་དོན་གྲུབ་ཀྱིས་ འབད་བ་ཅིན་ ལས་སྡེ་ལུ་ཚོང་ལམ་མེད་པའི་བསྒང་ལས་ མི་སེར་ཚུ་ལུ་ དངུལ་དུས་ཚོད་ཁར་སྤྲོད་མ་ཚུགས་པའི་ གདོང་ལེན་བྱུངམ་མས་ཟེར་ཨིནམ་ད་ གལ་སྲིད་ སློབ་གྲྭ་ག་ར་གིས་ ལས་སྡེའི་ ཨོམ་གྱི་ཐོན་སྐྱེད་ཉོ་བ་ཅིན་ མི་སེར་དང་ ལས་སྡེ་གཉིས་ཆ་ར་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བཀྲིས་སྒང་རྫོང་ཁག་ནང་ ཨོམ་ཐོན་སྐྱེད་དང་འབྲེལ་བའི་ ཚོང་འབྲེལ་འཐབ་ནི་ལུ་ འོས་འབབ་ཡོད་ཟེར་ཨིནམ་ད་ ཉིན་བསྟར་བཞིན་དུ་ ལས་སྡེ་གིས་ མི་སེར་སོ་ནམ་པ་ལས་ ཨོམ་ལི་ཊར་༢,༨༠༠ དེ་རེ་ལེན་དོ་ཟེར་ཨིན་པས།
ཟླ་རིམ་བཞིན་དུ་ ཨོམ་ལུ་བརྟེན་ མི་སེར་ཚུ་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༡.༦ དེ་རེ་བཟོ་དོ་ཟེར་ འགོ་དཔོན་ཚུ་གིས་ བཤད་པའི་ཁར་ དེ་གིས་ དབུལ་ཕོངས་ཀྱི་ དཀའ་ངལ་སེལ་ནི་ལུ་ ལྷན་ཐབས་འབད་དོ་ཟེར་ཨིན་པས།
ལས་སྡེ་གིས་ ཁྱིམ་གུང་པ་༢༨༠ ལྷགཔ་ཅིག་ལས་ ཨོམ་ལེན་དོ་ཡོདཔ་ད་ མ་འོངས་པ་ནང་ ཉེ་འདབས་ཀྱི་རྫོང་ཁག་ བཀྲིས་གཡང་རྩེ་དང་ མོང་སྒར་ཚུ་ནང་ལས་ཡང་ ལེན་ནིའི་འཆར་གཞི་ཡོདཔ་ཨིན་པས།
སློབ་གྲྭ་ཚུ་གིས་ ནང་འདྲེན་གྱི་ཚབ་ལུ་ ནང་འཁོད་ཀྱི་ དར་ཚིལ་དང་ ཨོམ་གྱི་ཐོན་སྐྱེད་ཚུ་ཉོ་བ་ཅིན་ ལས་སྡེ་གིས་ བཀྲམ་སྤེལ་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
ལས་སྡེ་ཁང་ནང་ལས་ ཚྭ་ཡོད་པའི་ མར་དང་དར་ཚིལ་ དེ་ལས་ ཞོ་ལ་སོགས་པ་ཚུ་ བཙོང་དོ་ཡོདཔ་ད་ ལས་སྡེ་དེ་ གཞུང་ལས་ ངོ་སྦྱོར་ཡོད་པའི་ ལས་སྡེ་ཁང་ཅིག་ཨིན་པས།
ནང་འདྲེན་མར་ཕབ་འབད་དེ་ ནང་འཁོད་ཀྱི་ ཐོན་སྐྱེད་ལག་ལེན་འཐབ་པ་ཅིན་ ལས་སྡེ་སྒྲིང་སྒྲི་འགྱོ་བའི་ཁར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ཡང་ ཕན་ཐོགས་ནི་མས་ཟེར་ཨིནམ་ད་ ད་རེས་བ་ལྷགཔ་སྦེ་ རྒྱ་སྐྱེད་འབད་ནིའི་ འཆར་གཞི་ཡོད་ཟེར་ ལས་སྡེའི་ གཙོ་འཛིན་ ཨོ་རྒྱན་དོན་གྲུབ་ཀྱིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *