༉ འབྲུག་ལུ་ འགོ་དང་པ་ འགོ་འདྲེན་འཐབ་མི་ སྤྱི་ལོ་༢༠༡༨-༢༠༡༩ འི་ འབྲུག་དཔལ་འབྱོར་དང་ ཚོང་ལས་གྲངས་རྩིས་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༣༡ ཚུན་ཚོད་ རྒྱལ་ཁབ་ནང་ དཔལ་འབྱོར་དང་འབྲེལ་བའི་ ལས་སྣ་ཁག་སོ་སོར་ གཞི་བཙུགས་འབད་འབདཝ་བསྡོམས་༡༤,༠༠༠ དེ་ཅིག་འདུག་ཟེར་ཨིན་པས།
གཞི་བཙུགས་ཡོངས་བསྡོམས་ལས་༨,༩༠༠ འབདཝ་ད་ བརྒྱ་ཆ་༦༣.༥ ཁྲོམ་སྡེ་ཚུ་དང་༥,༡༠༠ (བརྒྱ་ཆ་༣༦.༥) མཐའ་ཟུར་གྱི་ས་གནས་ཚུ་ནང་ གཞི་བཙུགས་འབད་དེ་འདུག་ཟེར་ སྙན་ཞུ་ནང་བཀོད་ནུག།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༨ ལུ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་དང་ འཛམ་གླིང་དངུལ་ཁང་གི་ གནས་བཞུགས་སྐུ་ཚབ་ དེ་ལས་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ མདོ་ཆེན་༣ གྱིས་ གསར་བཏོན་འབད་མི་ དཔལ་འབྱོར་དང་ ཚོང་ལས་གྲངས་རྩིས་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ ཚོང་ལས་ཚུ་ རྫོང་ཁག་༢༠ ལས་ རྫོང་ཁག་༤ ནང་བརྒྱ་ཆ་༥༢.༨ གཞི་བཙུགས་འབད་དེ་ཡོད་པའི་ ཤེས་རྟོགས་བྱུང་ནུག།
རྫོང་ཁག་༤ ནང་ ཚེང་འབྲེལ་ཁང་དང་ དཔལ་འབྱོར་ལས་སྣ་མངམ་ཡོད་མི་ཚུ་གི་གྲས་ལས་ ཐིམ་ཕུག་ལུ་ བརྒྱ་ཆ་༢༤.༩ དང་ ཆུ་ཁ་ལུ་ བརྒྱ་ཆ་༡༣.༦ གསར་སྤང་ལུ་ བརྒྱ་ཆ་༨.༡ སྤ་རོ་ལུ་ བརྒྱ་ཆ་༦.༢ འབདཝ་ད་ བསྡོམས་ཀྱིས་བརྒྱ་ཆ་༥༢.༨ ཐོནམ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ དཔལ་འབྱོར་དང་འབྲེལ་བའི་ གཞི་བཙུགས་འབད་མི་ལས་ ཁྲོམ་སྡེ་ནང་འཁོད་ལུ་ གསུམ་དཔྱད་གཉིས་དེ་ཅིག་འདུག་ཟེར་ཨིན་པས།
སྙན་ཞུ་དེ་ཡང་ ཞིབ་འཚོལ་འབད་མི་༨༠ གིས་ ཟླ་ངོ་ཕྱེད་དང་༣ དེ་ཅིག་གི་རིང་ དཔལ་འབྱོར་དང་འབྲེལ་བའི་ གཞི་བཙུགས་༡༣,༩༩༧ དང་གཅིག་ཁར་ དྲི་བ་དྲིས་ལན་དང་ ཞིབ་འཚོལ་འབད་ཡོདཔ་ཨིན་པས།
དེ་མ་ཚད་ འབྲུག་པའི་དཔལ་འབྱོར་དང་འབྲེལ་བའི་ གཞི་བཙུགས་འབད་མི་ཚུ་ཡང་ མང་ཤོས་ར་ དཔལ་འབྱོར་ལས་ཁུངས་དག་པ་ཅིག་ནང་ མང་ཆེ་ཤོས་ཀྱིས་ དང་འདོད་བསྐྱེད་དེ་ཡོདཔ་ད་ བརྒྱ་ཆ་༦༣ དེ་ཅིག་གིས་ བསྟན་རྒྱས་དང་འབྲེལ་བའི་ ཚོང་ལཱ་ཚུ་འབད་དེ་ཡོད་མི་དེ་ཡང་ ཚོང་རིགས་ཚུ་ནང་ འབད་མི་ཡོདཔ་ཨིན་པས།
བརྒྱ་ཆ་༢༡ དེ་ཅིག་གིས་ བཞེས་སྒོའི་ཞབས་ཏོག་དང་ སྡོད་གནས་ཀྱི་ ཞབས་ཏོག་དང་འབྲེལ་བའི་ ལས་སྡེ་ཚུ་ནང་ གཞི་བཙུགས་འབད་དེ་ཡོདཔ་ད་ དེ་གི་ཤུལ་ལས་ བཟོ་སྐྲུན་ནང་ བརྒྱ་ཆ་༥ དེ་ཅིག་ཡོདཔ་ཨིན་པས།
དཔལ་འབྱོར་གྱི་ ལས་སྣ་གཞན་ཚུ་ནང་ བརྒྱ་ཆ་༣ དེ་ཅིག་ཡོད་པའི་ཁར་ ཚོང་འབྲེལ་གཞི་བཙུགས་འབད་མི་དེ་ མཐོ་ཤོས་རྫོང་ཁག་ཚུ་ནང་ཡོད་པའི་ ངོས་འཛིན་བྱུང་ནུག།
གཞི་བཙུགས་འབད་མི་ཚུ་གི་གྲས་ལས་ ཚོང་འབྲེལ་འཐབ་མི་ ཕུད་རྡོག་གཅིག་དང་ མཉམ་འབྲེལ་ཐོག་ གཞི་བཙུགས་འབད་མི་ལས་ བརྒྱ་ཆ་༥༦ དེ་ཅིག་ ཨམ་སྲུ་ཚུ་གིས་བཙུགས་པའི་ ཚོང་འབྲེལ་ཚུ་ཨིན་པས།
ལོ་ཚད་ལས་དཔྱད་པ་ཅིན་ ཚོང་ལཱ་འབད་མི་ ཨམ་སྲུའི་དཔྱ་སྙོམས་ལོ་ཚད་དེ་ ལོ་༣༩.༤ ཡོད་པའི་ཁར་ ཕོ་སྐྱེས་ཀྱི་ཐད་ལུ་ ལོ་ཚད་དཔྱ་སྙོམས་དེ་ ལོ་༤༥.༣ ཡོདཔ་མཐོང་ནུག།
རང་རྐྱང་དང་ མཉམ་འབྲེལ་ཐོག་ལས་ ཚོང་འབྲེལ་གཞི་བཙུགས་འབད་མི་ལས་ བརྒྱ་ཆ་༥༥ གིས་ སློབ་གྲྭ་ཆུང་བའི་ཤེས་ཚད་ ཡང་ཅིན་ དེ་ལས་ཉུང་བའི་ ཤེས་ཡོན་སྦྱངས་ཏེ་ཡོདཔ་ཨིན་པས།
ཚོང་འབྲེལ་གཞི་བཙུགས་འབད་མི་༣༡ གིས་ ཕྱིའི་མ་རྩ་འཛུགས་སྤྱོད་ཐོག་ གཞི་བཙུགས་འབད་ཡོད་མི་དེ་ རྒྱལ་ཁབ་ནང་འཁོད་ལུ་ གཞི་བཙུགས་འབད་མི་ཡོངས་བསྡོམས་ལས་ བརྒྱ་ཆ་༠.༢ དེ་ཅིག་ཨིནམ་ད་ ཕྱིའི་མ་རྩ་བཙུགས་མི་ཚུ་ཡང་ རྒྱལ་ཁབ་༡༧ ལས་ ཡོདཔ་ཨིན་རུང་ རྒྱལ་གར་ལས་ ལས་སྡེ་༡༠ ནང་ བཙུགས་ཏེ་ཡོདཔ་ཨིན་པས།
ལཱ་འབད་མི་ཡོངས་བསྡོམས་ལས་ བརྒྱ་ཆ་༣༦ ཨམ་སྲུ་ཨིནམ་ད་ རང་རྐྱང་དང་ མཉམ་འབྲེལ་ཐོག་ལས་ གཞི་བཙུགས་འབད་མི་ ཚོང་ལཱ་ཚུ་ནང་ ཨམ་སྲུ་བརྒྱ་ཆ་༤༧ ཡོདཔ་བཞིན་དུ་ གཏན་འཇགས་ཀྱི་ ཚོང་འབྲེལ་ནང་ ཨམ་སྲུ་བརྒྱ་ཆ་༨༢ ཡོདཔ་མཐོང་ནུག།
ཨིན་རུང་ སྒེར་གྱི་ལས་སྡེ་དང་ གཞུང་དབང་ལས་སྡེ་ཚུ་ནང་ བརྒྱ་ཆ་༢༡ དང་༢༨ ལས་མེད་པའི་ཁར་ དེ་གི་ནང་ལས་ཡང་ ལས་འགུལ་དབང་འཛིན་ཚུ་ནང་ ཨམ་སྲུ་དེ་ཅིག་ མིན་འདུག་ཟེར་ སྙན་ཞུ་ནང་བཀོད་ནུག།
མི་ཁུངས་ཀྱི་ཐད་ལུ་ རྒྱལ་ཁབ་ནང་ ཕྱིའི་ལས་མི་བརྒྱ་ཆ་༡༩ དེ་ཅིག་ཡོད་པའི་ཁར་ ལས་མི་ཡོངས་བསྡོམས་ལས་ བརྒྱ་ཆ་༥༣ དེ་ཅིག་ གཏན་འཇགས་ཀྱི་ གླ་ཆ་ཐོབ་མི་ཚུ་ཡོདཔ་ད་ ལས་མི་ཚུ་གིས་ གླ་ཆ་དཔྱ་སྙོམས་ལུ་ ཕོ་སྐྱེས་ཚུ་གིས་ དངུལ་ཀྲམ་༩,༧༠༠ དང་ ཨམ་སྲུ་ཚུ་གིས་ དངུལ་ཀྲམ་༨,༠༠༠ རེ་ ཐོབ་དོ་ཡོདཔ་ཨིན་པས།
གནས་སྡུད་དེ་གིས་ དཔལ་འབྱོར་གྱི་ ཚོང་ལཱ་གཞི་བཙུགས་འབད་མི་ཚུ་ལུ་ གདོང་ལེན་ག་ོི་བཟུམ་ར་ ཐོན་ཡོདཔ་ཨིན་ན་ཚུ་ཡང་ ཞིབ་འཚོལ་འབད་བའི་སྐབས་ བརྒྱ་ཆ་༣༥ དེ་ཅིག་གིས་ མ་དངུལ་ཐོབ་མ་ཚུགས་པའི་ དཀའ་ངལ་དང་ ཁང་གླ་སྤྲོད་ནི་ དེ་ལས་ གཞན་ཡང་ གློག་འཐུས་སྤྲོད་ནི་དང་འབྲེལ་བའི་ གདོང་ལེན་ཚུ་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་མདོ་ཆེན་ འཆི་མེད་ཚེ་རིང་གིས་ ཞིབ་འཚོལ་དེ་ནང་ དམག་སྡེ་དང་ ཆོས་སྡེ་ དེ་ལས་ གཞུང་གི་གཙུག་སྡེ་གཞན་ཚུ་ མ་ཚུད་ཟེར་ བཤདཔ་ཨིན་པས།
མདོ་ཆེན་གྱིས་ གཞུང་འབྲེལ་གྱི་དོན་ལུ་ གནས་སྡུད་དེ་ གལ་ཆེ་རུང་ གནས་སྡུད་བསྡུ་སྒྲིག་འབད་ཚུགས་ནི་དེ་ གདོང་ལེན་སྦོམ་འདུག་ཟེར་ བཤད་ཅི།
གནས་སྡུད་འགོ་འབྱེད་གནང་མི་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གནས་སྡུད་དེ་ གལ་ཆེཝ་ལས་ བཀོད་འཛིན་གྱིས་ སྤྱི་ལོ་༢༠༢༣ བར་ཁམས་ལུ་ སྲིད་དོན་ཚོགས་པ་ འོང་མི་ཚུ་གིས་ དེ་དང་འཁྲིལ་ཏེ་ ཁས་བླངས་དང་འཆར་གཞི་ འབད་ཚུགས་ནིའི་དོན་ལུ་ ད་རུང་ ཞིབ་འཚོལ་དུས་མཐུན་བཟོ་དགོཔ་སྦེ་ གསུངས་ཡི།
ཞིབ་འཚོལ་དེ་ཡང་ འཛམ་གླིང་དངུལ་ཁང་དང་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ འགོ་འདྲེན་ཐོག་ལས་ བསྡུ་སྒྲིག་འབད་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།