རྩོད་ཟླའི་སྒྲུབ་བྱེད་ཚུ་ བདེན་ཁུངས་མེདཔ་ལས་ ངོས་ལེན་མཛད་མ་གནང་ཟེར་ ཞུ་ཡོདཔ།

༉ འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ གདམ་འཐུའི་བྱ་རིམ་ནང་ གཡོ་སྒྱུ་འཐབ་ཡོད་པའི་ རྩོད་གཞི་བཙུགས་མི་ལུ་ ལས་འཛིན་གྱིས་ སྒྲུབ་བྱེད་ཀྱི་བརྒལ་ལེན་ཕུལ་ཡི།
རྩོད་ཟླ་འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ ཁྲིམས་འདུན་ལུ་ཕུལ་མིའི་ནང་ རྩོད་རྩ་གི་སྒྲུབ་བྱེད་དང་པ་ དང་ གཉིས་པ་ཕུལ་མི་དེ་ བདེན་ཁུངས་མེདཔ་ལས་ ངོས་ལེན་མཛད་མ་གནང་ཟེར་ ཞུ་ཡི།
དེ་ཡང་ ལས་འཛིན་གྱི་ ལམ་ལུགས་དང་འཁྲིལ་ ངག་རྒྱུགས་དང་ རིག་རྩལ་བརྟག་དཔྱད་ཀྱི་དོན་ལུ་ ཕྱི་སེལ་སྒྲུབ་པའི་ མི་ངོམ་ཚུ་ འོང་དགོཔ་སྦེ་ རྒྱང་བསྒྲགས་འབད་ཡོདཔ་ལས་ རྩོད་རྩ་གིས་ ཡིག་ཐོག་དང་ རིག་རྩལ་བརྟག་དཔྱད་ཀྱི་གྲུབ་འབྲས་ ཁྲིམས་འདུན་ཕུལ་མི་དེ་ ཁུངས་མེད་ཟེར་ ཞུ་ཡི།
རྩོད་ཟླ་གིས་ ཕྱི་སེལ་སྒྲུབ་པའི་ མི་ངོམ་ཚུ་གི་སྐོར་ལས་ ཁྱབ་བསྒྲགས་འབད་མིའི་ནང་ལས་ གལ་གནད་ཆེ་བའི་ གནས་དོན་དེ་ར་ བཏོན་བཏང་ཡོདཔ་ལས་ གནད་དོན་བཏོག་བཏང་ཐོག་ལས་ སྒྲུབ་བྱེད་ཕུལ་མི་དེ་ ཁྲིམས་འགལ་གྱི་ ལཱ་ཨིནམ་མ་ཚད་ གོ་བ་བརྡ་ལོག་སྤྲོད་དེ་ ཁྲིམས་ཀྱི་བྱ་སྒོ་ཚུ་ ཕྱི་འགྱུར་བཏང་སྟེ་ བར་རྐྱེན་རྐྱབ་མས་ཟེར་ ཞུ་ཡོདཔ་ད་ སྒྲུབ་བྱེད་ཀྱི་ ཟུར་བསྦྲགས་ཡང་ ཕུལ་ཡོདཔ་ཨིན།
རྩོད་ཟླ་གིས་ ཡིག་ཐོག་དང་ རིག་རྩལ་དེ་བཟུམ་སྦེ་ ངག་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ ཡོངས་འབྲེལ་ནང་ གསལ་བསྒྲགས་འབད་ནི་མེད་ཟེར་ཨིནམ་ད་ ལས་འཛིན་གྱི་ རིག་རྩལ་དང་ ངག་ཐོག་ཀྱི་དོན་ལུ་ ཕྱི་སེལ་སྒྲུབ་པའི་མི་ངོམ་ཚུ་ འོང་དགོཔ་སྦེ་ གསལ་བསྒྲགས་འབད་མི་དེ་ རྩོད་རྩ་གིས་ གྲུབ་འབྲས་ཀྱི་དབང་དུ་ བཏང་ནུག་ཟེར་ཨིན་པས།
རྩོད་རྩ་གིས་ གྲུབ་འབྲས་བལྟ་ནིའི་དོན་ལུ་ ལསའཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ལས་ གནང་བ་གནང་རུང་ མི་སྟོབས་སྡེ་ཚན་ནང་ལས་ གོ་སྐབས་བྱིན་མ་བཏུབ་ཟེར་ ཞུ་མི་དེ་ བདེན་ཁུངས་མེད་ཟེར་ཨིནམ་ད་ དེ་ཡང་ རྩོད་རྩ་གིས་ བཀོད་ཁྱབ་གཙོ་འཛིན་ལུ་ བདེན་དཔྱད་འབད་དགོ་པའི་ ཞུ་བ་རྐྱངམ་གཅིག་ འབད་དགོཔ་མ་གཏོགས་ ཡིག་ཆ་ག་ར་ བལྟ་དགོ་པའི་ ཞུ་བ་མེད་རུང་ མི་སྟོབས་སྡེ་ཚན་གྱི་ གྲུབ་འབྲས་བལྟ་ནིའི་ གོ་སྐབས་བྱིན་ནུག་ཟེར་ ཞུ་ཡི།
རྩོད་རྩ་གིས་ ངག་རྒྱུགས་དེ་ ལེགས་ཤོམ་འགྱོ་མ་བཏུབ་ཤེས་ཏེ་ ཆོས་རྒྱུགས་རྐྱབ་ཚར་བའི་ཤུལ་ལུ་ ཁོ་གིས་ འཛུལ་ཞུགས་འབད་ཐབས་ལུ་ གདམ་འཐུའི་བྱ་རིམ་སྐབས་ ཚུལ་མིན་ཐོག་ལས་ སྐུ་ཆེནམ་གི་མཚན་བརྗོད་དེ་ ལོ་རྒྱུས་འདྲ་མིན་བཤད་ཡོདཔ་ད་ དེའི་ཤུལ་ ཁོ་གི་འབད་མི་དེ་ འཛོལ་བ་ཨིནམ་ཤེས་ཏེ་ ཁོ་རའི་ཆ་རོགས་ མི་སྟོབས་སྡེ་ཚན་ནང་ འཛུལ་ཡོད་པའི་ ཞུ་བ་ཕུལ་བར་ འོང་ནུག་ཟེར་ཨིནམ་ད་ ལས་འཛིན་གྱི་ མི་སྟོབས་འགོ་དཔོན་དང་ ཁོ་གི་ཆ་རོགས་ཀྱི་ ངག་བརྗོད་ཚུ་ ཟུར་སྦྲགས་ཕུལ་ཡོདཔ་ཨིན།
རྩོད་ཟླ་གིས་ ཞུ་མིའི་ནང་ རྩོད་རྩ་གི་ ངག་ཐོག་དྲི་ལན་གྱི་བྱ་རིམ་ སྒྲ་བཟུང་འབད་མི་དེ་ གཟིགས་ཞིབ་གནང་དགོ་པའི་ ཞུ་བ་དེ་ བདེན་ཁུངས་མེད་ཟེར་ཨིནམ་ད་ དེ་ཡང་ ལས་འཛིན་གྱི་ ངག་ཐོག་དྲི་ལན་དེ་ སྒྲ་བཟུང་འབད་ནི་མེད་ཟེར་ ཞུ་ཡི།
རྩོད་རྩ་ཁོ་ར་ ཨང་༣ པ་ཨིནམ་ཙམ་གྱི་ སོར་ཐེབས་ཨིནམ་སྦེ་ ཆ་བཞག་མི་དེ་ ཁོ་རའི་ འཛོལ་བ་ཨིན་ཟེར་མི་དེ་ཡང་ ཁོ་ སོར་ཐེབས་ཨིན་ལུགས་ཚུ་ ག་ཏེ་ཡང་འཁོད་དེ་མེད་ཟེར་ཨིནམ་ད་ རྩོད་རྩ་གིས་ བརྟག་ཞིབ་ཀྱི་དྲི་བ་བཟོ་སྟེ་ ལས་སྡེ་ཁག་གི་ མི་སྟོབས་འགོ་དཔོན་ཚུ་ལས་ བསམ་འཆར་བསྡུ་ལེན་འབད་དེ་ ཁྲིམས་འདུན་ལུ་ཕུལ་མི་ཚུ་ འབྲེལ་བ་མེདཔ་མ་ཚད་ ཁུངས་བདེན་མེད་པའི་ཁར་ གནང་བ་མེད་པའི་ ཚུལ་དང་མ་མཐུན་པའི་ལཱ་ཨིནམ་བཞིན་དུ་ ངོས་ལེན་མཛད་མ་གནང་ཟེར་ ཞུ་ཡི།
ལས་འཛིན་གྱི་ གདམ་འཐུ་ཚོགས་ཆུང་གི་ ཡིག་ཐོག་ཆོས་རྒྱུགས་ནང་ལས་ བརྒྱ་ཆ་༣༠ རིག་རྩལ་བརྟག་ཞིབ་ནང་ བརྒྱ་ཆ་༤༠ ངག་རྒྱུགས་ནང་ བརྒྱ་ཆ་༢༠ དང་ ཤེས་ཡོན་སྐུགས་ཚད་ བརྒྱ་ཆ་༡༠ སྦེ་ གདམ་འཐུ་འབད་ནིའི་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ རྩོད་རྩ་ཁོ་ར་ ཡིག་ཐོག་ནང་ ཨང་དང་པ་དང་ རིག་རྩལ་བརྟག་ཞིབ་ནང་ ཨང་༤ པ་ ངག་ཐོག་ནང་ ཨང་༨ པ་ དེ་ལས་ ཤེས་ཡོན་སྐུགས་ཚད་ནང་ ཨང་༦ ཐོན་ཡོད་མི་དང་འཁྲིལ་ སྐུགས་ཚུ་ག་ར་བསྡོམས་སྟེ་ མཐའ་བཅད་ཀྱི་ གྲུབ་འབྲས་སྟོན་ཡི་ཟེར་ཨིན་པས།
རྩོད་ཟླ་གིས་ ཕུལ་མིའི་ནང་ རྩོད་རྩ་གི་ཕུལ་མི་ སྒྲུབ་བྱེད་ཀྱི་ གནད་དོན་༡ ཡང་ བདེན་ཁུངས་བཀལ་མ་ཚུགསཔ་ལས་ ཁྲིམས་ཀྱིས་ངོས་ལེན་ མཛད་མ་གནང་ཟེར་ ཞུ་ཡི།
རྩོད་རྩ་གི་ རྩོད་གཞི་བཙུགས་མི་དེ་ རྩོད་ཟླ་ལུ་ བརྡབ་གསིག་ཁོ་ན་གི་དོན་ལུ་ཨིནམ་ལས་ རྩོད་ཟླ་ལུ་ བརྡབ་གསིག་དང་ བར་དཀྲོགས་ཀྱི་ཉེན་ཁ་ དེ་ལས་ ལས་འཛིན་གྱི་ མིང་གཏམ་ལུ་ གནོད་སྐྱོན་རྐྱབ་མི་ལུ་ འོས་འབབ་ལྡན་པའི་ རྒུད་འཐུས་སྤྲོད་དགོ་པའི་ བཀའ་རྒྱ་གནང་དགོཔ་སྦེ་ ཞུ་ཡི།
རྩོད་ཟླ་གི་ བརྒལ་ལེན་དང་ དཔང་པོ་སྙན་གསན་དེ་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ གནང་ནི་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *