རྩོད་བཤེརཔ་བརྒྱ་ཆ་༧༢ དྲང་ཁྲིམས་ཀྱི་ཞབས་ཏོག་ལུ་ བསམ་པ་རྫོགས་ཡོདཔ།

༉ ཁ་ཙ་ མངོན་མཐོ་ཁྲིམས་འདུན་གྱིས་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༩ ལོའི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ རྩོད་བཤེར་འབད་མི་བརྒྱ་ཆ་༧༢ ཀྱིས་ ཁྲིམས་འདུན་ཚུ་ལས་གནང་མི་ ཁྲིམས་འབྲེལ་ཞབས་ཏོག་ཚུ་ལུ་ བསམ་པ་རྫོགས་ཡོད་པའི་ བརྡ་མཚོན་འདུག་ཟེར་ཨིན་པས།
སྙན་ཞུ་དེ་ཡང་ ཁྲིམས་འདུན་གྱིས་ རྩོད་བཤེར་འབད་མི་དང་ རྩོད་བཤེར་མེན་པའི་རིགས་༢ ཆ་ར་ཚུད་པའི་ཁར་ སྤྱི་ལོ་༢༠༡༩ ལུ་ དྲུང་ཁག་ཁྲིམས་འདུན་གྱིས་ རྩོད་གཞི་ཁག་༡,༨༢༧ རྩོད་བཤེར་འབད་མི་ལས་བརྒྱ་ཆ་༦ གིས་ མཐོ་གཏུགས་འབད་ཡོདཔ་ད་ རྫོང་ཁག་ཁྲིམས་འདུན་གྱིས་༦,༦༠༦ ལུ་ རྩོད་བཤེར་འབད་མི་ལས་བརྒྱ་ཆ་༡༠ རྐྱངམ་གཅིག་གིས་ མཐོ་གཏུགས་འབད་ཡོདཔ་ད་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༣ གྱིས་ཡང་ རྩོད་གཞི་ཁག་༦༣༥ འི་ འཁྲུན་ཆོད་བཏོན་མི་ལས་ བརྒྱ་ཆ་༤༦ གིས་ གྲངས་མང་ཁྲིམས་ཁྲི་ནང་ མཐོ་གཏུགས་འབད་ནུག།
ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་གིས་ རྩོད་གཞི་ཁག་༡༢༩ ལུ་ ཐག་བཅད་མི་ལས་ བརྒྱ་ཆ་༥༢ ཀྱིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནུག།
མེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་ལས་ བརྒྱ་ཆ་༨༡ ལུ་ ཐོག་མའི་ཁྲིམས་འདུན་གྱི་འཁྲུན་ཆོད་ལུ་ ངོས་ལེན་འབད་ཡོདཔ་ད་ བརྒྱ་ཆ་༡༦ ལུ་ བསྒྱུར་བཅོས་ཆ་ཤས་འབད་ཡོདཔ་ད་ བརྒྱ་ཆ་༣ ལུ་ འཁྲུན་ཆོད་ཧྲིལ་བུམ་བསྒྱུར་བཅོས་འབད་ནུག།
དེ་བཟུམ་སྦེ་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་ནང་ལྷོད་མི་ལས་ བརྒྱ་ཆ་༧༩ ལུ་ ཐོག་མའི་འཁྲུན་ཆོད་ལས་ བསྒྱུར་བཅོས་མེད་པའི་ཁར་ བརྒྱ་ཆ་༨ ལུ་ བསྒྱུར་བཅོས་ཧྲིལ་བུམ་དང་ བརྒྱ་ཆ་༡༣ ལུ་ བསྒྱུར་བཅོས་ཆ་ཤས་འབད་ནུག།
གྲངས་མང་ལས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་ལས་ བརྒྱ་ཆ་༦༦ ཕྱིར་འབུད་འབད་ཡོདཔ་ད་ བརྒྱ་ཆ་༡༨ ལུ་ བསྒྱུར་བཅོས་ཆ་ཤས་དང་ བརྒྱ་ཆ་༡༡ ལུ་ བསྒྱུར་བཅོས་ཧྲིལ་བུམ་འབད་དེ་ ལྷག་ལུས་བརྒྱ་ཆ་༥ ལུ་ ཐོག་མའི་འཁྲུན་ཆོད་ལུ་ ངོས་ལེན་འབད་ནུག།
རྩོད་གཞི་ཐོ་བཀོད་འབད་མི་ལས་ རྩོད་བཤེར་ཟླ་ངོ་༡༢ ལས་ལྷག་སྟེ་ ཕྱིས་ལུས་མི་༡༥༩ ཡོདཔ་ད་ སྤྱི་ལོ་༢༠༡༦ ལས་༢༠༡༩ བར་ནའི་ གནས་སྡུད་ལུ་བལྟ་བ་ཅིན་རྩོད་བཤེར་༨༣ ཡོད་ས་ལས་༡༥༩ ལུ་ ལྷོད་ནུག།
ཞི་རྩོད་དང་ཉེས་རྩོད་ལས་དཔྱད་པ་ཅིན་ བརྒྱ་ཆ་༨༡ དེ་ཅིག་ ཞི་རྩོད་ཡོད་མི་དེ་ རྩོད་གཞི་ཁག་༤༩༧༠ ཨིནམ་ད་ ཉེས་རྩོད་བརྒྱ་ཆ་༡༩ ཨིན་མི་དེ་ རྩོད་གཞི་ཁག་༡༡༥༨ གི་རྩིས་ཨིན་པས།
ཞི་རྩོད་ནང་ལས་ མཐོ་ཤོས་ར་ དངུལ་འབྲེལ་གྱི་རྩོད་གཞི་ཁག་༣༡༨༥ ཐོ་བཀོད་འབད་ཡོདཔ་ད་ སྤྱི་ལོ་༢༠༡༨ དང་ཕྱདཔ་ད་ དངུལ་འབྲེལ་གྱི་རྩོད་གཞི་ནང་ བརྒྱ་ཆ་༡ མར་བབས་སོང་ནུག།
ལོ་དེ་ནང་ ཉེས་རྩོད་ཁག་༡༡༥༨ ཐོ་བཀོད་འབད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༦ མར་བབས་སོང་ཡོདཔ་ད་ ཉེས་རྩོད་ནང་ལས་ རྡུང་རྫོབ་དང་འཐབ་འཛིང་གི་རིགས་༣༧༧ ཡོད་མི་དེ་ མཐོ་ཤོས་ཨིན་པས།
རྩོད་གཞི་མཐོ་ཤོས་ ཐོ་བཀོད་འབད་མི་དེ་ཡང་ ཁྲོམ་སྡེ་ནང་ མི་རློབས་ཀྱི་མང་ཉུང་དང་འཁྲིལ་ འགྱོ་དོ་ཡོདཔ་ལས་ ན་ཧིང་ལོ་ནང་ རྩོད་གཞི་ཁག་༢༣༨༩ རྩོད་བཤེར་འབད་མི་དེ་ སྤྱི་ལོ་༢༠༡༨ ལོའི་ འཕྲོ་མཐུད་རྩོད་བཤེར་འབད་མི་ཨིན་པས།
ཐིམ་ཕུག་དང་ ཕུན་ཚོགས་གླིང་ཁྲིམས་འདུན་༢ ནང་ རྩོད་གཞི་ཐོ་བཀོད་འབད་མི་ མཐོ་ཤོས་ཐོན་ཡོདཔ་ད་ སྙན་ཞུ་དང་འཁྲིལཝ་ད་ དྲང་ཁྲིམས་ལྷན་སྡེ་ལུ་ འཆར་དངུལ་དང་དངུལ་འབྲེལ་གྱི་ རང་དབང་མེད་མི་དེ་ ད་ལྟོ་ཡང་ ལྷན་སྡེ་ལུ་ ཡིག་ཚང་རང་དབང་ཐོག་ལས་ རྒྱུན་སྐྱོང་འབད་ནི་ལུ་ གདོང་ལེན་སྦོམ་བྱུང་སྟེ་ཡོད་ཟེར་བཀོད་ནུག།
དྲང་ཁྲིམས་ལྷན་སྡེ་དེ་ རྫོང་ཁག་༢༠ ག་རའི་ནང་ ཡིག་ཚང་རྒྱུན་སྐྱོང་འབད་དགོཔ་ཨིན་རུང་ གཞུང་ལས་ འཆར་དངུལ་ལས་བཅད་པ་ཅིན་ ལྷན་ཁག་ཅིག་གི་ འཆར་དངུལ་ལས་ཡང་ ཉུང་སུ་ཐོབ་ནི་ཡོད་ཟེར་བཀོད་ནུག།
འཆར་གཞི་༡༡ པའི་ནང་ དྲང་ཁྲིམས་ལྷན་སྡེ་ལུ་ འཆར་དངུལ་མཐོ་ཚད་ དངུལ་ཀྲམ་ས་ཡ་༦༢༣ ལུ་བཞག་ཡོད་མི་དེ་ གྲོས་འདེབས་འབད་མི་དང་ཕྱདཔ་ད་ ལེ་ཤ་གིས་ཉུང་རུང་ འཆར་གཞི་༡༢ པའི་ནང་ བརྒྱ་ཆ་༢༠ ཐེབས་ཐོབ་ནུག།
འཆར་དངུལ་གྱི་ དཀའ་ངལ་ལས་བརྟེན་ དྲང་ཁྲིམས་ལྷན་སྡེ་གིས་ རྫོང་ཁག་ནང་ལས་ཕར་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་མ་ཚུགས་པའི་ཁར་ མི་སྟོབས་གོང་འཕེལ་གཏང་ནི་ལུ་ཡང་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ བཀོད་འདུག་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *