རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྟག་རྩེ་མཐོ་རིམ་སློབ་གྲྭའི་རྩོད་དོན་ བསྐྱར་ཞིབ་འབད་དོ་ཡོདཔ།

༉ ཀྲོང་གསར་སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭའི་ ཉོགས་བཤད་ཀྱི་སྐོར་ ཀྲོང་གསར་ཁྲིམས་སྲུང་འགག་སྡེ་དང་ ཁྲིམས་སྲུང་ཡིག་ཚང་ལྟེ་བ་ལས་ དམིགས་བསལ་སྡེ་ཚན་གྱིས་ ཞིབ་དཔྱད་འབད་བའི་ སྙན་ཞུ་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་བཞིན་དུ་ ད་ལྟོ་ བསྐྱར་ཞིབ་འབད་བའི་བསྒང་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ ལེགས་སྦྱར་བ་༩ དང་ ཡིག་ཚང་གི་ ལས་རོགསཔ་༡ ངེས་པར་དུ་དགོངས་ཞུ་འབད་བཅུག་མིའི་གྲས་ལས་ ལེགས་སྦྱར་༤ ལུ་ དོ་དམ་ནང་ བཙན་གཡེམ་མམ་ གནོད་འཚེ་དང་ དབང་བཙོང་འདོད་སྤྱོད་ཀྱི་ དཔའ་བཅམ་མི་ བྱ་སྒོའི་ལོག་སྤྱོད་ བསུན་གཙོར་རམ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེའི་ཉེས་འཛུགས་འབད་དགོ་པའི་ གྲོས་འདེབས་བཀོད་ནུག།
དེ་བཟུམ་སྦེ་ ད་ལྟོ་ མཐོ་རིམ་སློབ་གྲྭ་ནང་ ཕྱག་ཞུ་བའི་བསྒང་ཡོད་མི་ ལེགས་སྦྱར་བ་༢ ལུ་ཡང་ ཉེས་འཛུགས་ཅོག་འཐདཔ་སྦེ་བཀོད་དེ་འདུག།
ཁྲིམས་སྲུང་འགག་པ་གིས་ སྤྱི་ལོ་༢༠༡༦ ཟླ་༢ པའི་ནང་ མཐོ་རིམ་སློབ་གྲྭ་ནང་འཛུལ་མི་ སྤ་རོ་ལས་ སྐྱེས་ལོ་༣༠ ལང་མི་ ལེགས་སྦྱར་བ་༡ ལུ་ དོ་དམ་ནང་གི་བཙན་གཡེམ་དང་ བཙན་གཡེམ་གྱི་དཔའ་བཅམ་མི་ བྱ་སྒོ་ལོག་སྤྱོད་ བརྡུང་རྫོབ་ དེ་ལས་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་ ཉེས་འཛུགས་འབད་ནུག།
ལེགས་སྦྱར་བ་དེ་ལུ་ དོ་དམ་ནང་གི་ བཙན་གཡེམ་དཔའ་བཅམ་པའི་ ཁ་ཉེས་ཁག་༢ བཀལ་མི་དེ་ཡང་ སློབ་ཁང་གི་ མཛར་ཅུམ་ཟ་བར་ དབང་འདུས་ཕོ་བྲང་ སྒང་སྟེང་དགོན་པ་ལུ་ སོང་བའི་སྐབས་ ཁོ་གིས་ སློབ་ཕྲུག་བུམོ་ཅིག་ ཁོ་རའི་མགྱོནམ་སྦེ་འབོ་ནུག་ཟེར་ཨིནམ་ད་ སློབ་ཕྲུག་བུམོ་དེ་ མཛར་ཅུམ་ཟ་སའི་ ས་གོ་ལུ་ འགྱོ་བའི་སྐབས་དང་ ལོག་འོངམ་ད་ ལེགས་སྦྱར་བ་གི་ སྣུམ་འཁོར་ནང་ འོང་ཡོདཔ་ལས་ མོ་གི་ལྟག་ལྐོག་གུ་ སྤྱིག་ཡོད་པའི་ཤུལ་ མཐོང་པའི་ཁར་ དཔལ་ལེ་ལ་ལུ་ལྷོདཔ་ད་ བུམོ་ལུ་དགའ་བའི་ ལོ་རྒྱུས་ཚུ་ བརྒྱུད་འཕྲིན་མོ་བཱ་ཡེལ་ནང་ བརྡ་འཕྲིན་བསྐྱལ་ནུག་ཟེར་ཨིན་པས།
སློབ་ཕྲུག་བུམོ་དེ་གིས་ ཁ་ཉེས་བཀོད་དོ་བཟུམ་འབད་བ་ཅིན་ ཁོ་གི་ཁྱིམ་ནང་ འབོ་ཞིནམ་ལས་ དབང་བཙོང་ལུས་འབྲེལ་འབད་ནིའི་ དཔའ་བཅམ་ཡོདཔ་སྦེ་ཨིནམ་ད་ ཁྲིམས་སྲུང་འགག་པ་གིས་ ལེགས་སྦྱར་བ་ལུ་ སློབ་ཕྲུག་བུམོ་༡༤ གི་ གཟུགས་ཁ་ལུ་ དཀྲོགས་ཡོད་མི་དང་་ སློབ་ཕྲུག་༤༡ ལུ་ བརྡུང་རྫོབ་འབད་ཡོད་པའི་ ཉེས་འཛུགས་འབད་ནུག།
དབང་འདུས་ཕོ་བྲང་ལས་ སྐྱེས་ལོ་༣༢ ལང་མི་ ལེགས་སྦྱར་བ་ལུ་ དབང་བཙོང་ལུས་འབྲེལ་དང་ ཡིག་ཚང་བྱ་སྒོ་ལོག་སྤྱོད་ དེ་ལས་ འདོད་སྤྱོད་འབད་ནི་གི་ དཔའ་བཅམ་པའི་ ཉེས་འཛུགས་བཀལ་ཡོདཔ་ད་ ལེགས་སྦྱར་བ་དེ་ མཐོ་རིམ་སློབ་གྲྭ་ནང་ དུས་ཅི་ སྤྱི་ཟླ་༡ པའི་ནང་ འཛུལ་ཡོདཔ་ཨིན་པས།
ཁོ་ར་ དགེ་སློང་བགྲེསཔ་ཅིག་ཨིནམ་ད་ ཁོ་གིས་ སྒེར་པ་སྦེ་སྡོད་མི་ སློབ་ཕྲུག་གི་ཁྱིམ་ནང་ འཛུལ་ཞིནམ་ལས་ དབང་བཙོང་འདོད་སྤྱོད་འབད་ནི་གི་ དཔའ་བཅམ་པའི་ཁར་ གཞན་ཡང་ བུམ་ཐང་རྫོང་ཁག་ནང་ མཛར་ཅུམ་གྱི་ཤུལ་ལས་ ས་གོ་གནག་དུང་ནང་ སློབ་ཕྲུག་བུམོ་ཅིག་ འཁྱིད་ནི་གི་ དཔའ་བཅམ་ཡོདཔ་མ་ཚད་ སློབ་ཕྲུག་བུམོ་གཞན་ཅིག་གི་ཁྱིམ་ནང་ སོང་པའི་ཤུལ་ལུ་ ཁོ་དང་གཅིག་ཁར་ ཉལ་དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས།
ལེགས་སྦྱར་བ་ལས་རོགསཔ་ཅིག་ལུ་ སྡུག་སྦྱོང་བྱིན་པའི་ ཉེས་འཛུགས་འབད་ཡོད་མི་དེ་ཡང་ ཁོ་གིས་ ཀུན་དགའ་རབ་བརྟན་ལུ་ མཛར་ཅུམ་ཟ་བའི་སྐབས་ སློབ་ཕྲུག་ཚུ་ལུ་ བང་བཙོང་སྟེ་ ཆང་འཐུང་བཅུག་ཡོདཔ་མ་ཚད་ བུམོ་ཚུ་ཉལ་སར་སོང་སྟེ་ བུམོ་ཚུ་ལུ་ ཚུལ་ལྡན་མ་མཐུནམ་སྦེ་ ལགཔ་དཀྲོགས་པའི་ཁར་ བུམོ་ཅིག་ལུ་ ཁོ་དང་གཅིག་ཁར་ གཉེན་རྐྱབ་པ་ཅིན་ ཚོང་ཁང་བཙུགས་བྱིན་འོང་ཟེར་ སླབ་ནུག་ཟེར་ཁ་ཉེས་བཀལ་ནུག།
ཆུ་ཁ་ལས་ སྐྱེས་ལོ་༣༢ ལང་མི་ ལེགས་སྦྱར་བ་ལས་རོགསཔ་ལུ་ སྡུག་སྦྱོང་དང་ ཡིག་ཚང་བྱ་སྒོ་ལོག་སྤྱོད་ཀྱི་ ཉེས་འཛུགས་འབད་ནུག།
སྤྱི་ལོ་༢༠༡༦ ཟླ་༡ པའི་ནང་ མཐོ་རིམ་སློབ་གྲྭ་ནང་འཛུལ་མི་ དགེ་སློང་བགྲེསཔ་ལུ་ ཕུཊི་བཱོལ་རྩེད་འགྲན་ཅིག་ བལྟ་སྡོད་པའི་སྐབས་ བུམོ་༢ ལུ་ ཚུལ་དང་མ་མཐུནམ་སྦེ་ ལགཔ་དཀྲོགས་མི་དང་ སློབ་ཕྲུག་དང་ དགའ་མཐུན་བྱུངམ་ལས་ ཡིག་ཚང་བྱ་སྒོ་ལོག་སྤྱོད་ཀྱི་ ཉེས་འཛུགས་བཀལ་ནུག།
གསར་སྤང་ལས་ཨིན་མི་ ལེགས་སྦྱར་བ་ལས་རོགསཔ་དེ་གིས་ སྤྱི་ལོ་༢༠༡༦ ལུ་ སློབ་ཕྲུག་དང་གཅིག་ཁར་ གཉེན་རྐྱབ་མི་ལུ་བརྟེན་ ཡིག་ཚང་བྱ་སྒོ་ལོག་སྤྱོད་དང་ འདོད་སྤྱོད་གནོད་འཚེའི་ ཉེས་འཛུགས་འབད་ཡོདཔ་ད་ མ་གཞི་ སློབ་ཕྲུག་བུམོ་དེ་ མཐོ་རིམ་ཤེས་ཚད་ མཇུག་བསྡུ་བའི་ཤུལ་ལུ་ གཉེན་རྐྱབ་ཡོད་རུང་ བུམོ་དེ་ ཤེས་ཡོན་སྦྱང་སྡོད་པའི་སྐབས་ དགའ་མཐུན་བྱུང་ནུག་ཟེར་ཨིན་པས།
གཞལམ་སྒང་ལས་ སྐྱེས་ལོ་༣༤ ལང་མི་ ལེགས་སྦྱར་བ་ལུ་ བྱ་སྒོ་ལོག་སྤྱོད་དང་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་ ཉེས་འཛུགས་བཀལ་ནུག།
ཁྲིམས་སྲུང་འགག་པ་གིས་ བཀྲིས་གཡང་རྩེ་ལས་ སྐྱེས་ལོ་༥༦ ལང་མི་ ཁྱད་རིག་ལས་རོགསཔ་ལུ་ ཡིག་ཚང་བྱ་སྒོ་ལོག་སྤྱོད་དང་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་ ཉེས་འཛུགས་བཀལ་ཡོདཔ་ད་ སྤྱི་ལོ་༡༩༨༦ ལུ་ སེམས་རྟོགས་ཁ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ ལེགས་སྦྱར་བ་སྦེ་ འཛུལ་མི་དེ་གིས་ སློབ་ཕྲུག་བུམོ་ཅིག་ལུ་ ཡང་བསྐྱར་དུ་ འགྲུལ་འཕྲིན་ནང་ བརྡ་འཕྲིན་བཏང་ཡོདཔ་མ་ཚད་ མོ་བཱ་ཡེལ་བསྐྱར་གསོ་དང་ ཏི་རུ་བྱིན་ནུག་ཟེར་ཨིན་པས།
དེ་ལས་ ཞིབ་དཔྱད་འབད་བའི་སྐབས་ ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་བཞག་མི་ ལེགས་སྦྱར་བ་༢ གནས་སྐབས་ཅིག་ རྒྱབ་མི་བཙུགས་ཐོག་ལས་ བཏང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཆོས་སྡེ་ལྷན་ཚོགས་ཀྱིས་ ཆོས་སྡེ་གསརཔ་༡༧ ལུ་ ཐོ་བཀོད་གྲུབ་པའི་ལག་ཁྱེར་ཚུ་ བྱིན་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *