རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མི་༡༠ ལུ་ གསེར་ཀེ་ཇི་༥༢ ལྐོག་ཚོང་འཐབ་པའི་ཉེས་འཛུགས།

ཉེས་འཛུགས་ཅན་ཚུ་གི་གྲས་ལས་༣ གསེར་ཀེ་ཇི་༢༠ འབད་མི་ ལྐོག་ཚོང་ནང་ཡང་ འབྲེལ་གཏོགས་ཡོད་མི་ལུ་བརྟེན་ ཉེས་བཤེར་འབད་བའི་བསྒང་འདུག།
༉ ཁ་ཙ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མི་༡༠ ལུ་ དངུལ་ཀྲམ་ས་ཡ་༡༥༡.༦༦༤ ལྷགཔ་ཅིག་གནས་པའི་ ཀེ་ཇི་རེ་འབད་མི་ གསེར་པག་ཅུང་༥༢ བྱང་ཕྱོགས་ཀྱི་ས་མཚམས་ལས་ ལྐོག་ཚོང་འཐབ་མི་དང་ ལྐོག་གྲོས་ ལོག་འདྲེན་འབད་བའི་ ཉེས་འཛུགས་ཐོག་ སྤ་རོ་རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ནུག།
དེ་ཡང་ སྤྱི་ལོ་༢༠༡༨ ལུ་ ཉེས་འཛུགས་ཅན་༥ ཁ་བསྡོམས་ཐོག་ལས་ འབྲུག་དང་བོད་ཀྱི་ས་མཚམས་ བྱི་རྡོ་ལ་ཟེར་སར་སོང་སྟེ་ གསེར་ནང་འདྲེན་འཐབ་ཡོད་པའི་སྐོར་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༡༢ ལུ་ ཁྲིམས་སྲུང་འགག་པ་གིས་ གསང་བའི་སྙན་ཞུ་ཐོབ་པའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མི་༡༠ ལུ་ ཉེས་འཛུགས་འབད་མིའི་གྲས་ལས་༨ སྤ་རོ་བཙན་ཏོག་རྒེད་འོག་ལས་ཨིནམ་ད་ ཉེས་འཛུགས་ཅན་གཞན་༢ པོ་དེ་ མོང་སྒར་དགྲ་མེད་རྩེ་དང་ སྤུ་ན་ཁ་སྟོད་པའི་ས་ལས་ཨིན་པས།

རྩོད་གཞིའི་རྒྱབ་ཁུངས།
རྫོང་ཁག་ཁྲིམས་འདུན་ལུ་ཕུལ་མི་ བཤེར་ཡིག་དང་འཁྲིལཝ་ད་ བཙན་ཏོག་རྒེད་འོག་ལས་ སྐྱེས་ལོ་༤༤ ལང་མི་ ཉེས་འཛུགས་ཅན་ བཙན་སྐྱོགས་ཚེ་རིང་གིས་ ན་ཧིང་ བྱང་ཕྱོགས་ས་མཚམས་ཁར་ བོད་མི་བཅོ་ལྔ་ཟེར་མི་ལས་ འགྲུལ་འཕྲིན་ཝི་ཅཱཊ་ཐོག་ལུ་ གསེར་ནང་འདྲེན་འཐབ་སྟེ་ རྒྱ་གར་རྒྱལ་ཁབ་ཚུན་ བསྐྱལ་ཚུགས་པ་ཅིན་ ཀེ་ཇི་རེ་ལུ་ གླ་ཆ་དངུལ་ཀྲམ་༧,༠༠༠ རེ་སྦེ་ གསེར་ཀེ་ཇི་༥༢ ལུ་ དངུལ་ཀྲམ་༣༦༤,༠༠༠ སྤྲོད་ནི་སྦེ་ སླབ་བཞིན་དུ་ གྱོས་ངན་བརྩམས་ནུག་ཟེར་ཨིན་པས།
ཉེས་འཛུགས་ཅན་གྱིས་ གསེར་ནང་འདྲེན་འབད་ནིའི་དོན་ལུ་ བཙན་ཏོག་ལས་ སྐྱེས་ལོ་༣༣ ལང་མི་ རིན་ཆེན་མཁའ་འགྲོ་དང་ སྐྱེས་ལོ་༦༡ ལང་མི་ བཙན་སྐྱོགས་རྡོ་རྗེ་ སྐྱེས་ལོ་༣༢ ལང་མི་ མགོནམ་རྡོ་རྗེ་ སྐྱེས་ལོ་༢༦ ལང་མི་ རྡོ་རྗེ་ཚེ་རིང་ དེ་ལས་ དགྲ་མེད་རྩེ་རྒེད་འོག་ལས་ སྐྱེས་ལོ་༣༤ ལང་མི་ རིག་འཛིན་རྡོ་རྗེ་༥ ལུ་ ལས་མིའི་གླ་ཆ་དངུལ་ཀྲམ་༣༠,༠༠༠ རེ་ སྤྲོད་ནི་སྦེ་སླབ་སྟེ་ བོད་མི་ལས་ གསེར་ཀེ་ཇི་༥༢ ལེན་པར་ བཏང་ཡོདཔ་ཨིན་པས།
དེ་ལས་ ཁོང་༥ གིས་ བྱི་རྡོ་ལ་ལས་ གསེར་ལེན་པར་ འགྱོ་ནིའི་སྐོར་ ད་རུང་ བཙན་ཏོག་ལས་ སྐྱེས་ལོ་༣༦ ལང་མི་ ཉེས་འཛུགས་ཅན་ སྐྱིདཔ་ཆུ་ལུ་ སླབ་ཡོདཔ་བཞིན་དུ་ སྐྱིདཔ་ཆུ་དང་ རིན་ཆེན་མཁའ་འགྲོ་༢ ཁ་བསྡོམས་ཏེ་ ས་མཚམས་ཁར་ གསེར་བསྐྱལ་བར་འོངམ་ད་ བོད་མི་ལས་ གསེར་འཕྲོག་བཅོམ་འབད་ནིའི་ འཆར་གཞི་བརྩམས་ནུག་ཟེར་ཨིན་པས།
ད་རུང་ སྐྱིདཔ་ཆུ་གིས་ ཁོ་རའི་ཆ་རོགས་ སྟོད་པའི་ས་རྒེད་འོག་ལས་ སྐྱེས་ལོ་༢༤ ལང་མི་ མིག་དམར་ཚེ་རིང་དང་ བཙན་ཏོག་ལས་ སྐྱེས་ལོ་༢༩ ལང་མི་ བཙན་སྐྱོགས་སྟོབས་རྒྱས་༢ དང་ཁ་བསྡོམས་ཞིནམ་ལས་ ཉེས་འཛུགས་ཅན་ བཙན་སྐྱོགས་ཚེ་རིང་གིས་བཏང་མི་ ཉེས་འཛུགས་ཅན་༥ ལུ་ བོད་མི་གིས་ གསེར་མ་སྤྲོད་པའི་ ཧེ་མ་ལས་ ཁོང་གིས་ འཕྲོག་བཅོམ་འབད་ནིའི་ འཆར་གཞི་བརྩམས་ཡོདཔ་བཞིན་དུ་ ཁོང་༣ ཧེ་མར་སོང་སྟེ་ བོད་མི་ལུ་ བསྒུགས་སྡོད་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ རིན་ཆེན་མཁའ་འགྲོ་གིས་ ཁོང་ལུ་ དུས་ཚོད་ཀྱི་ བརྡ་སླབ་བཞིན་དུ་ ས་མཚམས་ཁར་ བོད་མི་གཉིས་གསེར་འབག་འོངམ་ད་ སྐྱིདཔ་ཆུ་དང་ མིག་དམར་ཚེ་རིང་ བཙན་སྐྱོགས་སྟོབས་རྒྱས་༣ གྱིས་ གསེར་ཀེ་ཇི་༥༢ འཕྲོག་བཅོམ་འབད་དེ་ འབག་འོང་ཞིནམ་ལས་ ས་གནས་རྩེ་ཁ་དམག་སྡེའི་ལྟག་ལུ་ སྦ་བཞག་ནུག་ཟེར་ཨིན་པས།
དེ་ལས་ བཙན་སྐྱོགས་ཚེ་རིང་གིས་བཏང་མི་ རིན་ཆེན་མཁའ་འགྲོ་དང་ བཙན་སྐྱོགས་རྡོ་རྗེ་ མགོནམ་རྡོ་རྗེ་ རིག་འཛིན་རྡོ་རྗེ་ རྡོ་རྗེ་ཚེ་རིང་༥ པོ་དེ་ཡང་ བྱི་རྡོ་ལ་ལུ་ལྷོད་རུང་ བོད་མི་གསེར་འབག་འོང་ནི་མེད་པར་ ལོག་འོང་ཡོདཔ་ཨིན་པས།
གསེར་ལྐོག་ཚོང་དང་བྱང་སྟོར།
ཟླཝ་༡ གི་ཤུལ་ལས་ སྐྱིདཔ་ཆུ་དང་ རིན་ཆེན་མཁའ་འགྲོ་ བཙན་སྐྱོགས་སྟོབས་རྒྱས་ མིག་དམར་ཚེ་རིང་ ཁོང་༤ གསེར་སྦ་བཞག་སར་སོང་སྟེ་ གསེར་ཀེ་ཇི་༡༢ བཏོན་ཞིནམ་ལས་ ལྷག་ལུས་ཀེ་ཇི་༤༠ དེ་ ས་གནས་སྲི་དུ་ལུམ་ཟེར་སར་ སྦ་བཞག་ཡོདཔ་ཨིན་པས།
བྱ་ངན་དེ་གི་སྐོར་ལས་ བཙན་སྐྱོགས་སྟོབས་རྒྱས་ཀྱིས་ ཁོ་རའི་ཕོ་རྒནམ་ སྐྱེས་ལོ་༣༤ ལང་མི་ བཙན་སྐྱོགས་རིན་ཆེན་ལུ་སླབ་སྟེ་ ཆ་རོགས་གཞན་ཚུ་གིས་ མ་ཤེསཔ་སྦེ་ ཁོང་༢ སྲི་དུ་ལུམ་ལུ་སོང་སྟེ་ གསེར་ཀེ་ཇི་༡༥ བཏོན་འབག་འོང་ཡོདཔ་མ་ཚད་ ཤུལ་ལས་ བཙན་སྐྱོགས་རིན་ཆེན་ ཁོ་ར་རྐྱངམ་གཅིག་ ས་གནས་དེ་ནང་ ལོག་སོང་ཞིནམ་ལས་ ལྷག་ལུས་གསེར་ཀེ་ཇི་༢༥ དེ་ ས་གནས་མཐོང་རྡོ་ཟམ་ལུ་ སྦ་བཞག་ནུག།
ཟླཝ་དག་པ་ཅིག་གི་རྒྱབ་ལས་ མིག་དམར་ཚེ་རིང་དང་ སྐྱིདཔ་ཆུ་༢ ཀྱིས་ གསེར་བྱང་ཡོད་པའི་ དོགས་པ་ཆགས་ཏེ་ སྲི་དུ་ལུམ་ལུ་ གསེར་བལྟ་བར་འགྱོ་བའི་སྐབས་ གསེར་མེདཔ་ལས་ བཙན་སྐྱོགས་སྟོབས་རྒྱས་ལུ་དྲིཝ་ད་ ཁོ་དང་ ཁོ་རའི་ཕོ་རྒནམ་གིས་ གསེར་ཀེ་ཇི་༡༥ བཏོན་འབག་ཡོད་པའི་སྐོར་ ཁ་བཟེད་རུང་ ལྷག་ལུས་ཀེ་ཇི་༢༥ འི་ཐད་ལུ་ ཁོ་གིས་ མི་ཤེས་ཟེར་ སླབ་ཡོདཔ་ཨིན་པས།
བཙན་སྐྱོགས་རིན་ཆེན་གྱིས་འབད་བ་ཅིན་ གསེར་ཀེ་ཇི་༥ རྒྱ་གར་ཀཱོལ་ཀ་ཊ་ལས་ཨིན་མི་ མི་ཅིག་ལུ་ བཙོང་ཡོདཔ་བཞིན་དུ་ གསེར་ཀེ་ཇི་༡༠ དེ་ ལོག་སྤྲོད་ཅི་ཟེར་ཨིནམ་ད་ ཉེ་འཛུགས་ཅན་གྱིས་ སླབ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ གསེར་ཀེ་ཇི་༢༥ དེ་ མཐོང་རྡོ་ཟམ་ལས་ དབང་བཟུང་འབད་ནུག་ཟེར་ བཤེར་ཡིག་ནང་བཀོད་ནུག།
ཉེས་འདོགས་པ་གིས་ གསེར་ཀེ་ཇི་༥༢ ལས་ སྐྱིདཔ་ཆུ་དང་ མིག་དམར་ཚེ་རིང་ བཙན་སྐྱོགས་སྟོབས་རྒྱས་ རིན་ཆེན་མཁའ་འགྲོ་༤ ལུ་ གསེར་ཀེ་ཇི་༥.༥ རེ་ འཆང་སྤྱོད་ཐོག་ ནག་ཚོང་འཐབ་པའི་ ཉེས་འཛུགས་དང་ བཙན་སྐྱོགས་རིན་ཆེན་གྱི་ མིང་ཐོ་ཁར་ གསེར་ཀེ་ཇི་༣༠ བཏོན་ནུག།
ཁྲིམས་སྲུང་འགག་པ་གིས་ ས་གནས་མཐོང་རྡོ་ཟམ་ལས་ གསེར་ཀེ་ཇི་༢༥ ཐོབ་མི་མ་བརྩིས་བར་ དངུལ་ཀྲམ་བསྡོམས་ས་ཡ་༧.༦༩༢ འཕྱོག་བཟུང་འབད་མི་དེ་ཡང་ མིག་དམར་ཚེ་རིང་ལས་ གསེར་ཀེ་ཇི་༡ དང་ སྐྱིདཔ་ཆུ་ལས་ དངུལ་ཀྲམ་ས་ཡ་༢.༧ དང་སྦྲགས་ སྣུམ་འཁོར་སུ་ཟི་ཀི་ཇིམ་ཀཱར་༡ དང་ པཱལ་སར་བ་ཡེག་༡ རིན་ཆེན་མཁའ་འགྲོ་ལས་ དངུལ་ཀྲམ་ས་ཡ་༤.༡༩༢ བཙན་སྐྱོགས་རིན་ཆེན་ལས་ དངུལ་ཀྲམ་ས་ཡ་༠.༨ དང་ སྣུམ་འཁོར་ཊོ་ཡོ་ཊ་ ཧའི་ལཱགསི་༡ བཙན་སྐྱོགས་སྟོབས་རྒྱས་ལས་ སྣུམ་འཁོར་ཀི་རི་ཊ་༡ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
ཉེས་འཛུགས།
གསེར་པག་ཅུང་༥༢ ནང་འདྲེན་ཐོག་ ལྐོག་ཚོང་འཐབ་ནིའི་ འཆར་གཞི་བརྩམས་མི་ རྩོད་ཟླ་བཙན་སྐྱོགས་ཚེ་རིང་དང་ བཙན་སྐྱོགས་རྡོ་རྗེ་ རྡོ་རྗེ་ཚེ་རིང་ མགོནམ་རྡོ་རྗེ་ རིག་འཛིན་རྡོ་རྗེ་༥ ལུ་ ཉེས་ཆེན་ལྐོག་གྲོས་ཀྱི་ ཉེས་འཛུགས་ཐོག་ ཉེས་འགེལ་ཁྲིམས་དེབ་དོན་ཚན་༡༣༤ ཁ་པའི་དགོངས་དོན་ལྟར་ དབྱེ་རིམ་གསུམ་པའི་ ཉེས་ཆེན་བཙོན་ཁྲིམས་ཕྱེད་ཀ་སྨིན་དགོཔ་སྦེ་ ཉེས་འདོགས་པ་གིས་ ཞུ་བ་འབད་ནུག།
དེ་ལས་ གསེར་ལེན་པར་སོང་མི་ རིན་ཆེན་མཁའ་འགྲོ་ལུ་ ཉེས་ཅན་ལྐོག་གྲོས་དང་ ཁོ་གིས་ སྐྱིདཔ་ཆུ་ལུ་ ཚེ་གྲངས་དང་ དུས་ཚོད་སླབ་སྟེ་ ཁོང་ལས་མི་༥ གི་ཧེ་མར་ བྱི་རྡོ་ལ་ལུ་སོང་སྟེ་ བོད་མི་གསེར་བསྐྱལ་བར་འོངམ་ད་ གསེར་འཕྲོག་བཅོམ་འབད་བའི་གནད་ལུ་བརྟེན་ ལོག་འདྲེན་གྱི་ ཉེས་འཛུགས་དང་ གསེར་ཀེ་ཇི་༥ གོང་ཚད་དངུལ་ཀྲམ་༡༤.༥༨༣ ལྷགཔ་ཅིག་སྦེ་ ཕྱིར་ཚོང་འཐབ་ནི་དེ་གིས་ དབྱེ་རིམ་༣ པའི་ཉེས་ཆེན་སྨིན་དགོ་ཟེར་བཀོད་ནུག།
ཉེས་འཛུགས་ཅན་སྐྱིདཔ་ཆུ་དང་ མིག་དམར་ཚེ་རིང་ བཙན་སྐྱོགས་སྟོབས་རྒྱས་ བཙན་སྐྱོགས་རིན་ཆེན་༤ ལུ་ཡང་ གསེར་ལྐོག་ཚོང་འཐབ་པའི་ ཉེས་འཛུགས་ཐོག་ དབྱེ་རིམ་༣ པའི་ཉེས་ཆེན་ ཁྲིམས་ཚད་དུས་ཡུན་དམའ་ཤོས་ ལོ་༥ ལས་ མཐོ་ཤོས་ལོ་༩ འོག་རྒྱུའི་ བཙོན་ཁྲིམས་སྨིན་དགོཔ་འདུག་ཟེར་ཨིན་པས།
དེ་མ་ཚད་ ཉེས་འཛུགས་ཅན་ཚུ་ལས་ བཙན་ལེན་འབད་མི་ གསེར་པག་ཅུང་༢༦ དང་ དངུལ་ཀྲམ་ས་ཡ་༧.༦༩༢ དེ་ལས་ སྣུམ་འཁོར་ཚུ་ ཉེས་ལས་ཀྱི་ ཁེ་འབབ་ཨིནམ་ལས་ ཁྲིམས་དང་འཁྲིལ་ བཙན་བཟུང་ཐོག་ གཞུང་བཞེས་མཛད་གནང་ཟེར་ཞུ་ནུག།
ད་རུང་ ཉེས་འཛུགས་ཅན་གྱི་གྲས་ལས་ བཙན་སྐྱོགས་ཚེ་རིང་དང་ མགོནམ་རྡོ་རྗེ་ དེ་ལས་ རིན་ཆེན་མཁའ་འགྲོ་༣ འདས་པའི་ལོ་མཇུག་བསྡུ་ཁམས་ཅིག་ཁར་ གསེར་ཀེ་ཇི་༢༠ ནག་ཚོང་འཐབ་མིའི་དང་ འབྲེལ་གཏོགས་ཡོད་མི་ལུ་བརྟེན་ ལོག་འདྲེན་དང་ ལྐོག་ཚོང་གི་ ཉེས་འཛུགས་ཐོག་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ སྙན་གསན་མཛད་པའི་བསྒང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *