རྩིས་ལོ་༢༠༡༩ དང་༢༠༢༠ གི་དོན་ལུ་ འཆར་དངུལ་ ཐེར་འབུམ་༦༥.༨ བཞག་ཡོདཔ།

༉ རྩིས་ལོ་༢༠༡༩ དང་༢༠༢༠ གི་དོན་ལུ་ དངུལ་ཀྲམ་ས་ཡ་༢༦,༤༤.༥༤༢ ཡོད་མི་ལས་ སྤྱིར་བཏང་མི་མང་ལས་དོན་ལུ་ བརྒྱ་ཆ་༣༢ དང་ དཔལ་འབྱོར་དང་ མི་མང་ལས་དོན་ལུ་ བརྒྱ་ཆ་༢༦ གཏང་ནི་ཨིན་མི་དེ་ དཔྱ་བགོ་མཐོ་ཤོས་ཨིན་པས།
མི་སྡེའི་ལས་དོན་གྱིས་ བརྒྱ་ཆ་༢༥ འཐོབ་ནི་ཨིནམ་ད་ སྐྱིན་འགྲུལ་དང་ནུས་ཤུགས་ལས་སྡེ་གིས་ བརྒྱ་ཆ་༡ རེ་ འཐོབ་ནི་ཨིན་མི་དེ་ དམའ་ཤོས་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ གསོ་བའི་ཞབས་ཏོག་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ཁས་བླངས་གསལ་བསྒྲགས་ཚུ་ འབད་དེ་ཡོད་རུང་ ལྷན་ཁག་གི་དོན་ལུ་ མ་དངུལ་བརྒྱ་ཆ་༩ བཞག་ནི་ཨིནམ་ལས་ དངུལ་ཀྲམ་ས་ཡ་༥༧༣༠.༢༦༠ དེ་ཅིག་གི་རྩིས་ཨིན་མི་དེ་ རྒྱུན་སྐྱོང་དོན་ལུ་ དངུལ་ཀྲམ་ས་ཡ་༡༡,༥༨༩.༣༡༥ དང་ གསར་སྒྲུབ་དོན་ལུ་ དངུལ་ཀྲམ་ས་ཡ་༤༦༧༨.༦༡༩ གི་རྩིས་ཨིན་པས།
སྤྱིར་བཏང་མི་མང་ལས་དོན་གྱི་མ་དངུལ་ལས་ དངུལ་ཀྲམ་ས་ཡ་༡༣,༣༥༠.༣༨༧ རྒྱུན་སྐྱོང་དང་ དངུལ་ཀྲམ་༨༣༥༩.༤༦༩ གསར་སྒྲུབ་དོན་ལུ་ བཞག་སྟེ་ཡོདཔ་ཨིན་པས།
ཁ་ཙ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཚོགས་ཁང་ནང་ རྩིས་ལོ་དེའི་ འཆར་དངུལ་སྙན་ཞུ་ཕུལ་བའི་སྐབས་ རྩིས་ལོ་དེའི་འཆར་དངུལ་དེ་ རྩིས་ལོ་༢༠༡༨ དང་༢༠༡༩ དང་ཕྱདཔ་ད་ བརྒྱ་ཆ་༡༩ ཡར་སེང་སོང་སྟེ་ཡོད་ཟེར་ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ ཡར་སེང་དེ་ གཙོ་བོ་ར་ དངུལ་ཕོགས་བསྐྱར་བཟོ་དང་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ཚུ་ལུ་ སློབ་གཉེར་གྲོགས་རམ་དང་ གྲོང་གཡུས་ནང་ཡོད་མི་ སློབ་གྲྭ་༡༡༥ ལུ་ ཉིན་ལྟོ་འགོ་བཙུགས་མི་དང་ རྒྱལ་སྤྱི་བཞེས་སྒོ་ལས་སྡེ་གིས་ གྲོགས་རམ་ མཇུག་བསྡུ་མི་ལུ་བརྟེན་ཨིན་ཟེར་ཞུ་ཡི།
ཟད་འགྲོ་དེ་ ནང་འཁོད་འོང་འབབ་ལས་ བརྒྱ་ཆ་༨༠ དེ་ཅིག་གི་རྩིས་ཨིནམ་ད་ རྒྱུན་སྐྱོང་ཟད་འགྲོ་གི་ ཆ་ཤས་སྦོམ་ཤོས་ར་ དངུལ་ཕོགས་དང་ གླ་ཆ་ ལག་ལེན་ དེ་ལས་ རྒྱུན་སྐྱོང་ཚུ་ཨིན་པས།
རྩིས་ལོ་དེ་གི་ གསར་སྒྲུབ་ཟད་འགྲོའི་ཚོད་རྩིས་དེ་ དངུལ་ཀྲམ་ཡ་༢༦,༥༤༤.༥༤༢ ཡོད་མི་དེ་ ཡོངས་བསྡོམས་ལས་ བརྒྱ་ཆ་༤༣.༤ གི་རྩིས་ཨིནམ་ད་ གསར་སྒྲུབ་ཟད་འགྲོ་ལས་ བརྒྱ་ཆ་༦༣.༣ ནང་འཁོད་འོང་འབབ་དང་ ནང་འཁོད་སྐྱིན་འགྲུལ་ལས་ བརྒྱ་ཆ་༣༤.༧ གནང་བྱིན་དང་ བརྒྱ་ཆ་༣.༤ ཕྱིའི་སྐྱིན་འགྲུལ་ཨིན་པས།
སྐྱིན་འགྲུལ་དོན་ལུ་ དངུལ་ཀྲམ་ས་ཡ་༣༣༠༦.༣༣༣ བཞག་ཡོད་མིའི་ཐོག་ལུ་ ཕྱིའི་སྐྱིན་འགྲུལ་གྱི་ སྐྱིན་ཚབ་དངུལ་ཀྲམ་ས་ཡ་༣༢༩༤.༩༢༩ དང་ ནང་འཁོད་སྐྱིན་འགྲུལ་གྱི་སྐྱིན་ཚབ་ དངུལ་ཀྲམ་ས་ཡ་༡༡.༤༠༤ ཨིན་པས།
གཞུང་དང་ཚོང་ལས་ཁང་ཚུ་དང་ རང་སྐྱོང་ལས་སྡེ་ དེ་ལས་ ཁྲོམ་སྡེ་དང་ གཙུག་ལག་སློབ་སྡེ་ཚུ་ལུ་ མ་དངུལ་གྱི་ རྩིས་ཐོ་སྤོ་སོར་དང་ ལྷན་ཐབས་མ་དངུལ་ བགོ་བཤའ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༨,༣༦༤.༩༧༣ དཔྱ་བགོ་བཀོད་དེ་ཡོདཔ་ཨིན་པས།
དཔྱ་བགོ་ཡོངས་བསྡོམས་ལས་ མ་དངུལ་གྱི་རྩིས་ཐོ་སྤོ་སོར་ལུ་ དངུལ་ཀྲམ་ས་ཡ་༥༧༥༩.༥༡༩ དང་ ལྷན་ཐབས་མ་དངུལ་ དངུལ་ཀྲམ་ས་ཡ་༢,༦༠༥.༤༥༤ བཀོད་དེ་ཡོདཔ་ཨིན་པས།
རྒེད་འོག་གནང་བྱིན་དོན་ལུ་ དངུལ་ཀྲམ་ས་ཡ་༢,༨༦༣.༡༣༡ དང་ ཁྲོམ་སྡེ་༤ གི་དོན་ལུ་ དངུལ་ཀྲམ་ས་ཡ་༨༨༩.༠༡༣ དེ་ལས་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་འོག་ལུ་ ཕུན་ཚོགས་གླིང་ཁྲོམ་སྡེ་ གོང་འཕེལ་གཏང་ནིའི་དོན་ལུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལུ་ རྩིས་ཐོ་སྤོ་སོར་འབད་མི་དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡,༠༠༡.༧༥༠ འབད་མི་ཚུ་ ཚུད་དེ་ཡོདཔ་ཨིན་པས།
ལྷན་ཐབས་མ་དངུལ་དོན་ལུ་ ཁྲོམ་སྡེ་སྐྱེལ་འདྲེན་དོན་ལས་ སྣུམ་འཁོར་བཱསི་༣༧ ཉོ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༩༥.༤༦༠ བཞག་སྟེ་ཡོདཔ་ཨིན་པས།
རྩིས་ལོ་དེ་ནང་ བགོ་བཤའི་མ་རྩ་དོན་ལུ་ དངུལ་ཀྲམ་༣༣༠ དཔྱ་བགོ་བཀོད་དེ་ཡོད་མིའི་ནང་ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༡༥ དང་ སོ་ནམ་འཕྲུལ་ཆས་ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༡༥ དེ་ལས་ གྲོང་གཡུས་ཚོང་ལཱ་གོང་འཕེལ་ལས་འཛིན་ནང་འཁོད་ཀྱི་ བཟོ་གྲྭ་དང་བཟོ་གྲྭ་ཆུང་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ བགོ་བཤའི་མ་རྩ་དངུལ་ཀྲམ་ས་ཡ་༣༠༠ བཞག་སྟེ་ཡོདཔ་ཨིན་པས།
གསོ་བའི་ལས་སྡེ་གི་ འཆར་དངུལ་དེ་ ཉལ་ཁྲི་༡༥༠ འབད་མི་ རྒྱལ་བཙུན་པདྨ་སྐྱེས་མ་དང་ ཨ་ལོའི་སྨན་ཁང་བཟོ་སྐྲུན་དང་ བདེ་བ་ཐང་ལུ་ ཉལ་ཁྲི་༤༠ འབད་མི་སྨན་ཁང་ལུ་ ཟད་འགྲོ་བཏང་མི་ཚུ་ ཚུད་དེ་ཡོདཔ་ད་ རྫོང་ཁག་ཚུ་ནང་ གཞི་རྟེན་མཁོ་ཆས་གོང་འཕེལ་གཏང་ནིའི་དོན་ལུ་ ཟད་འགྲོ་གཏང་ནི་ཨིན་མི་ཚུ་ ཚུད་དེ་ཡོདཔ་ཨིན་པས།
གྲོང་གསེབ་འཐུང་ཆུའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༡༢.༤༥༡ བཞག་སྟེ་ཡོདཔ་ད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཡན་ལག་སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༦༠ བཞག་ཡོདཔ་ཨིན་པས།
འཕྲོད་བསྟེན་གོང་འཕེལ་དང་ ནད་རིགས་སྔོན་འགོག་ལས་རིམ་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༧༥.༥༡ བཞག་སྟེ་ཡོདཔ་ད་ གཞན་ཡང་ སྨན་བཅོས་འཕྲུལ་ཆས་དང་ གསོ་བའི་སློབ་སྦྱོང་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་༢ ཉོ་ནིའི་འཆར་དངུལ་ཚུ་ཡང་ ཚུད་དེ་ཡོདཔ་ཨིན་པས།
ཤེས་རིག་གི་ནང་ ཨ་ལོ་ཚུ་གི་འཕྲོད་བསྟེན་ལེགས་བསྒྱུར་དང་ སྤུས་ཚད་ལྡན་པའི་ཤེས་ཡོན་ དེ་ལས་ སློབ་དཔོན་ཚུ་གི་ ཁྱད་ལཱ་གོང་འཕེལ་གཏང་ནི་དང་ ན་ལོན་ཤེས་ཡོན་ཡར་དྲག་གཏང་ནི་ དེ་ལས་ ཚེ་ཐེངས་ཤེས་ཡོན་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
རང་བཞིན་སླར་བྱུང་ཐོན་སྐྱེད་ལས་སྡེ་གི་ དམིགས་གཏད་ཚུ་འགྲུབ་ཐབས་ལུ་ རྩིས་ལོ་དེ་ནང་ དངུལ་ཀྲམ་ས་ཡ་༦༣༡༩.༥༤༧ དཔྱ་བགོ་བཞག་སྟེ་ཡོདཔ་ཨིན་པས།
ལས་སྡེ་གིས་ ཚོང་སྒྱུར་སོ་ནམ་གོང་འཕེལ་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ ཚོང་ལཱ་གྲོས་འཆར་ཆུང་ཀུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ སོ་ནམ་ཚོང་ལཱ་གསུམ་ གཞི་བཙུགས་འབད་ནི་ཨིནམ་ལས་ དེའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༠༧.༢༠༠ བཞག་སྟེ་ཡོདཔ་ཨིན་པས།
ས་གཏེར་དང་རྡོ་བཏོན་བཟོ་གྲྭ་གིས་ དཔལ་འབྱོར་རྒྱ་སྐྱེད་གཏང་ནི་ལུ་ ཆུར་བརྟེན་ནུས་ཤུགས་གོང་འཕེལ་ཚུ་ འཕྲོ་མཐུད་དེ་ ལག་ལེན་འཐབ་སྟེ་ ཕྱིར་ཚོང་གི་ཐོན་སྐྱེད་རྒྱ་སྐྱེད་འབད་ནིའི་ནང་ གཙོ་རིམ་བཟུང་ནི་ཨིནམ་ལས་ དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༧༧༦.༧༣༡ བཞག་སྟེ་ཡོདཔ་ཨིན་པས།
ལྟ་བཤལ་ལས་སྡེ་དེ་ འཆར་གཞི་༡༢ པའི་ནང་ དམིགས་བསལ་ལས་རིམ་ཅིག་སྦེ་ ངོས་འཛིན་འབད་དེ་ཡོདཔ་ལས་ རྩིས་ལོ་དེ་ནང་ དངུལ་ཀྲམ་ས་ཡ་༢༠༠ བཞག་སྟེ་ཡོདཔ་ཨིན་པས།
དཔྱ་བགོ་དེ་ལས་ ས་ཡ་༧༥ དེ་ཅིག་ ལྟ་བཤལ་ཐོན་སྐྱེད་ངོ་རྟགས་བཀལ་ནི་དང་ གོང་འཕེལ་གཏང་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིནམ་ད་ དངུལ་ཀྲམ་ས་ཡ་༣༧ དེ་ ལྟ་བཤལ་གོང་འཕེལ་དོན་ལུ་ ངོས་འཛིན་འབད་ཡོད་པའི་ ལས་འགུལ་ཚུ་ལུ་ ཟད་འགྲོ་སྦེ་ གཏང་ནི་ཨིན་པས།
གཡོག་འབྲེལ་སྦྱོང་བརྡར་དང་ལཱ་གཡོག་གི་ དཔྱ་བགོ་དོན་ལུ་ བཞག་ཡོད་མི་ མ་དངུལ་དེ་གིས་ ཁྱད་རིག་དང་གཡོག་འབྲེལ་ཤེས་ཡོན་ཚུ་ གཞི་སྒྱུར་འབད་དེ་ ཡུན་བརྟན་གོང་འཕེལ་གཏང་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༡༡༨.༤༩༦ བཞག་སྟེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འཁོར་ལམ་ལས་སྡེ་དང་ ཁྲོམ་སྡེ་གོང་འཕེལ་དང་ ཁྱིམ་བཟོ་ མི་མང་མཁོ་བྱད་ལས་སྡེ་ཚུ་གིས་ཡང་ ལས་སྣ་ སྣ་ཚོགས་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
རྒྱུན་འབྲེལ་ལས་སྡེ་གིས་ཡང་ སྤ་རོ་རྒྱལ་སྤྱི་གནམ་ཐང་གི་ གནམ་གྲུའི་རྒྱུག་ལམ་རྩི་ནག་ལོག་གཏང་ནི་དང་ མཁའ་འགྲུལ་གྱི་ ཡན་ལག་ས་ཁོངས་ སྤོ་བཤུད་འབད་ནི་ ལ་སོགས་པའི་ལཱ་ཚུ་འབད་ནིའི་ འཆར་གཞི་ཚུ་ཡོདཔ་ཨིན་པས།
ནུས་ཤུགས་ལས་སྡེ་གིས་ ཡུན་བརྟན་ཅན་གྱི་ གློག་མེ་བཟོ་བཏོན་འབད་ནིའི་དོན་ལུ་ འཕྲོ་མཐུད་དེ་ར་ གློག་མེ་ལས་འགུལ་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིནམ་ད་ ཀུར་རི་གོང་རི་གི་ ལས་འགུལ་སྙན་ཞུ་རྒྱསཔ་དེ་ཡང་ མཇུག་བསྡུ་སྟེ་ འཆར་གཞི་༡༢ པའི་ནང་ ལས་འགུལ་དེ་ གྲ་སྒྲིག་འབད་དེ་ ངེས་བརྟན་བཟོ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༥༩.༨༤༣ དཔྱ་བགོ་བཞག་སྟེ་ཡོདཔ་ཨིན་པས།
ཆོས་དང་ལམ་སྲོལ་དང་ སྤྱིར་བཏང་མི་མང་ལས་སྡེ་གཉིས་ཀྱིས་ཡང་ ལམ་སྲོལ་ཉམས་སྲུང་འབད་ནི་དང་ མི་མང་གི་ཞབས་ཏོག་ཚུ་ ཡར་དྲག་གཏང་ནིའི་ནང་ གཙོ་རིམ་ཚུ་ བཟུང་ནི་ཨིན་པས།
གཞུང་གིས་ འཆར་ལོ་དེ་ནང་ དམིགས་བསལ་ལས་རིམ་ ཆུ་དང་ནང་འཁོད་དང་བཟོ་གྲྭ་ཆུང་བ་ དེ་ལས་ ཨང་གནས་ཅན་གྱི་འབྲུག་ཡུལ་ཟེར་མི་ཞབས་ཏོག་དང་ རང་བཞིན་སྐྱེ་སྣའི་ལས་རིམ་ཚུ་ ངོས་འཛིན་འབད་དེ་ཡོདཔ་ལས་ དེ་ཚུ་གིས་ རྒྱལ་ཁབ་ནང་ ལཱ་གཡོག་བཟོ་ནི་དང་ ལས་སྡེའི་བར་ན་ མཉམ་འབྲེལ་འབད་ནིའི་ ཁེ་ཕན་འབྱུང་ཚུགས་ནིའི་ རེ་བ་ཡོད་ཟེར་ ཨིན་པས།
སྙན་ཞུ་དེ་ ཚོགས་ཁང་ནང་ སྙན་ཞུ་ཕུལ་བའི་ཤུལ་ལས་ དངུལ་རྩིས་ཚོགས་ཆུང་ལུ་ སྤྲོད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *