རྩི་ནག་གཏང་མ་ཚུགས་པར་ལུས་མི་ ལའུ་རི་རྒེད་འོག་ལྟེ་བའི་འཁོར་ལམ།

རྩིས་ལོ་༢༠༡༩-༢༠༢༠ འི་ནང་ ལའུ་རི་རྒེད་འོག་ལྟེ་བའི་འཁོར་ལམ་ རྩི་ནག་གཏང་ཚུགས་པའི་རེ་བ།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ ལའུ་རི་རྒེད་འོག་ལྟེ་བའི་འཁོར་ལམ་དེ་ རྩིས་ལོ་༢༠༡༩-༢༠༢༠ འི་ནང་ རྩི་ནག་གཏང་ནི་ཨིནམ་ལས་ རྒེད་འོག་གི་མི་ཚུ་གིས་ གནམ་བྱཱར་དགུན་མེད་པར་ འགྲོ་འགྲུལ་འབད་ཚུགས་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ ལའུ་རི་རྒཔོ་གིས་ འཁོར་ལམ་རྩི་ནག་གཏང་ནི་དང་ གནས་སྟངས་དང་འབྲེལ་བའི་གནད་དོན་ཚུ་ སྙན་ཞུ་འབད་མི་དང་འཁྲིལ་ རྩི་ནག་གཏང་ནིའི་ ཆ་འཇོག་འབད་མི་ལུ་བརྟེན་ཨིན་པས།
རྒཔོ་བསྟན་པ་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ལྟེ་བའི་ འཁོར་ལམ་བསལ་ཏེ་ ལོ་༣ ལྷགཔ་ཅིག་ སོང་ཡོདཔ་བཞིན་དུ་ ད་རེས་ འཁོར་ལམ་གྱི་ གཞི་འགྱམ་ཡང་ སྒྲིང་སྒྲི་ཚུད་ཡོད་རུང་ རྩི་ནག་གཏང་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནམ་དགུན་ལུ་ དཀའ་ངལ་དེ་ཅིག་ འབྱུང་ནི་མེད་རུང་ གནམ་བྱཱར་ཆརཔ་མ་ཆད་པར་ རྐྱབ་པའི་སྐབས་ འཁོར་ལམ་དེ་ཁར་ལས་ འགྲོ་འགྲུལ་འབད་ནི་ལུ་ གདོང་ལེན་སྦོམ་ཡོདཔ་བཞིན་དུ་ གཞུང་འབྲེལ་གྱི་ལཱ་ཚུ་ལུ་ཡང་ གནོད་དོ་ཡོདཔ་ལས་ རྩི་ནག་མེན་པར རྩི་ས་གཏང་ཚུགས་པ་ཅིན་ ཕན་ཐོགས་ཆེ་ནི་མས་ཟེར་ཨིན་པས།
ལའུ་རི་རྒེད་འོག་དམངས་མི་ བསྟན་འཛིན་གྱིས་ སླབ་མིའི་ནང་ རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ རྩི་ནག་གཏང་པ་ཅིན་ རྒེད་འོག་གི་ མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ ལྷག་པར་དུ་ རྒེད་འོག་བདག་སྐྱོང་གིས་ གཞུང་འབྲེལ་བའི་ལཱ་ཚུ་ བར་ཆད་མེད་པར་ ཕྱག་ལེགས་ཤོམ་ཞུ་ཚུགས་པའི་ གོ་སྐབས་འབྱུང་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཁོར་ལམ་དེ་ རྒེད་འོག་ལྟེ་བ་ལུ་ མཐུད་སྦྲེལ་འབད་ཡོད་རུང་ འཁོར་ལམ་གྱི་ གཞི་འགྱམ་ལ་སོགས་པ་ཚུ་ ལེགས་ཤོམ་སྦེ་ མ་ཚུད་པའི་ཁར་ ད་རུང་ རྩི་ནག་གཏང་དགོཔ་ འཐོན་སྲིད་ནི་ཨིནམ་ལས་ འགོ་ཐོག་ལུ་ རྩི་ནག་གི་ རེ་བ་མ་བསྐྱེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་གཏང་དགོཔ་དེ་ ག་ནི་བ་ ཁག་ཆེཝ་ཡོདཔ་ལས་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཡིག་ཚང་གིས་ འཁོར་ལམ་རྩི་ནག་གཏང་ནིའི་ འཆར་གཞི་ཡོད་མེད་དང་ ཡོད་པ་ཅིན་ ནམ་ལས་འགོ་བཙུགས་ཚུགས་ནི་ཟེར་ཨིན་པས།
ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ འཇིགས་མེད་ཆོས་གྲགས་ཀྱིས་ སླབ་མིའི་ནང་ གོང་འཕེལ་ལས་འགུལ་མ་དངུལ་ཐོག་ལས་ རྩི་ནག་གཏང་ནིའི་དོན་ལུ་ ད་ལྟོའི་འཆར་གཞི་ནང་ཡོད་རུང་ རྩི་ས་གཏང་ནི་དེ་ འཆར་གཞིའི་ནང་མེད་པའི་ཁར་ གཏང་མི་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྩི་ནག་གཏང་ནིའི་དོན་ལས་ ཀི་ལོ་མི་ཊར་༡ ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢.༧༩ དེ་ཅིག་ གནས་དོ་ཡོདཔ་ལས་ མ་དངུལ་ཡང་ འབོར་ཆེ་ཏོག་ཏོ་གནས་ནི་ཨིན་མི་ལུ་བརྟེན་ གཞུང་ལས་ མ་དངུལ་འཐོབ་ཅིག་ རྩིས་ལོ་༢༠༡༩-༢༠༢༠ འི་ནང་ འགོ་བཙུགས་ནི་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ལའུ་རི་རྒེད་འོག་དང་ ཇོ་མོ་གཙང་ཁ་དྲུང་ཁག་གི་བར་ན་ ཀི་ལོ་མི་ཊར་༦༡ དེ་ཅིག་ལས་མེད་རུང་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ རྒྱུན་འགྲུལ་འཐབ་པའི་སྐབས་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་ འགོར་དོ་ཡོདཔ་མ་ཚད་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ རྡོ་འབུད་འོང་ནི་དང་ སྣུམ་འཁོར་ཚུ་ འགྱེལ་ཏ་རྐྱབ་ནིའི་ ཉེན་ཁ་སྦོམ་ ཡོད་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཇོ་མོ་གཙང་ཁ་དྲུང་ཁག་ལས་ གསེར་ཐིག་རྒེད་འོག་ཚུན་ རྩི་ནག་བཏང་ཡོད་རུང་ དེ་ཁར་ལས་ འཁོར་ལམ་ཀི་ལོ་མི་ཊར་༣༧ དེ་ཅིག་ ལུས་མི་དེ་ཡང་ རྩི་ནག་གཏང་ཚུགས་པ་ཅིན་ རྒེད་འོག་བདག་སྐྱོང་དང་སློབ་གྲྭ་ལ་སོགས་པ་ག་ར་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ སྤྱི་ལོ་༢༠༡༥ ལུ་ མཐུད་སྦྲེལ་འབད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *