རྩིས་ཞིབ་སྙན་ཞུ་ནང་ ལཱ་གཡོག་ལས་རིམ་གྱི་ འཐུས་ཤོར་གསལ་སྟོན།

༉ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ནང་ ངན་ལྷད་ཡོད་པའི་ཉེས་འཛུགས་འབད་མི་ཚུ་ བརྟག་ཞིབ་འབད་དོ་ཡོདཔ་ད་ དེ་ཡང་ རྩིས་ཞིབ་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༧ ཅན་མའི་ནང་ ལས་གཡོག་ལྷན་ཁག་གི་ ཕྱི་རྒྱལ་ལཱ་གཡོག་བྱིན་མི་ ལས་སྡེ་ཅིག་གིས་ ཁག་འབག་གན་ཡིག་ལྟར་དུ་ མ་འབད་བའི་གསལ་སྟོན་བྱུང་ནུག།
ལས་རིམ་དེ་ནང་ སྦྱོང་བརྡར་བྱིན་མི་ ལས་སྡེ་དེ་གིས་ སྦྱོང་བརྡར་གྱི་ཤུལ་ལས་ སྦྱོང་བརྡར་པ་དེ་ ལས་སྡེ་དེ་ནང་ ལོ་༢ ཀྱི་རིང་ལཱ་འབད་བཞག་དགོཔ་སྦེ་ཚུད་ཡོདཔ་ད་ གལ་སྲིད་ ལམ་ལུགས་དེ་དང་མ་འཁྲིལ་བ་ཅིན་ ལས་སྡེ་དེ་གིས་ མ་དངུལ་བརྒྱ་ཆ་༢༠ ལྷན་ཁག་ལུ་ ལོག་སྤྲོད་དགོཔ་ཨིན་པས།
རྩིས་ཞིབ་སྙན་ཞུ་ནང་ ལྷན་ཁག་གིས་ གཞི་བཙུགས་འབད་བའི་ ཕྱི་རྒྱལ་ངེས་ཏིག་ལཱ་གཡོག་ལས་རིམ་ནང་ ཚུལ་མིན་ཡོད་ལུགས་ཚུ་ མ་བཀོདཔ་ཨིན་པས།
ཨིན་རུང་ སྙན་ཞུ་ནང་ ལས་གཡོག་ལས་ཁུངས་ཀྱི་ ཐིམ་ཕུག་ལུ་ཡོད་པའི་ ཨི་སོཕཊི་ལས་སྡེ་ལས་ དངུལ་ཀྲམ་ས་ཡ་༡.༣༦༤ ལོག་བསྡུ་ལེན་མ་འབད་བར་ཡོདཔ་ད་ ལས་སྡེ་དེ་གིས་ སྦྱོང་བརྡར་བ་ཚུ་ལུ་ ལོ་༢ ཀྱི་རིང་ ལཱ་གཡོག་བྱིན་ནི་ལུ་ འཐུས་ཤོར་ཡོདཔ་འཁོད་ནུག།
ད་རུང་ལྷན་ཁག་གི་ གཡོག་སྤྲོད་ལས་སྡེ་དེ་གི་ གྱོང་རྒུད་ཕོག་མི་ཚུ་ ཐོབ་ཐང་བཀོད་མི་དེ་ བདེན་ཁུངས་བཏོན་ནིའི་ བསྐྱར་ཞིབ་མ་འབདཝ་ཨིན་པས།
ལས་རིམ་དེ་ནང་ ལཱ་གཡོག་འཚོལ་མི་ཚུ་ སྦྱོང་བརྡར་མཇུག་བསྡུ་ཞིནམ་ལས་ འབྲུག་དང་རྒྱ་གར་རྒྱལ་ཁབ་ གང་རུང་ཅིག་ནང་ལཱ་གཡོག་གི་ གོ་སྐབས་བྱིན་དོ་ཡོདཔ་ཨིན་པས།
ལས་རིམ་དེའི་ མ་དངུལ་དེ་ འཆར་གཞི་༡༡ པའི་ནང་ རྒྱ་གར་གཞུང་གི་ དཔལ་འབྱོར་ལྷན་ཐབས་མ་དངུལ་ཐོག་ལས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
གཞུང་གིས་ ན་ཧིང་ལོ་ནང་ རྒྱ་གར་ལུ་ སྦྱོང་བརྡར་དང་ ལཱ་གཡོག་གི་དོན་ལུ་ ཨ་ལོ་རེ་རེ་ལུ་ དངུལ་ཀྲམ་༨༠༠༠ དེ་རེ་ ཟད་འགྲོ་བཏང་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ གྱི་ཟླཝ༤ པའི་ནང་ རྒྱ་གར་ནོ་ཡེ་ཌ་ལུ་ ཨཱེལ་ཕེ་རེས་ཀོ་ སོ་ལུ་ཤཱན་ ཨེལཨེལ་པི་ལས་སྡེ་གིས་ ན་གཞོན་༨༠ ལུ་ རྒྱ་གར་གྱི་ཚོང་སྡེ་ཚུ་ནང་ ལཱ་གཡོག་དང་སྦྱོར་བརྡར་བྱིན་ནིའི་ གན་ཡིག་བཟོ་ཐོག་ལས་ ཁྱིད་ཡོདཔ་ཨིན་རུང་ མང་ཤོས་ར་ ལཱ་འབད་སའི་གནས་སྟངས་ ལཱ་ཁག་ཡོད་ལུགས་དང་ ལཱ་གཡོག་འཚོལ་མ་ཐོབ་ལས་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་འཁོད་ཀྱི་ སྦྱོང་བརྡར་སྤེལ་ཁང་ལ་ལོ་ཅིག་གིས་ བཤད་མིའི་ནང་ ལས་གཡོག་ལྷན་ཁག་གིས་ སྤེལ་ཁང་ཚུ་གི་བར་ན་ ཕྱོགས་རིས་ཕྱེས་དོ་ཡོདཔ་མ་ཚད་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་གྱི་ ཁག་འབག་མང་ཤོས་ རྒྱ་གར་གྱི་ཚོང་སྡེ་ཚུ་ལུ་ བྱིནམ་མས་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༡ པའི་ནང་ བློན་ཆེན་མཆོག་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ལཱ་གཡོག་ངེས་ཏིག་ལས་རིམ་ནང་ ངན་ལྷད་ཡོད་པའི་ ཉེས་འཛུགས་བཀལ་མི་དེ དེ་འཕྲོ་ལས་ ཞིབ་དཔྱད་འབད་དགོཔ་སྦེ་ སླབ་ནུག།
དེ་དང་འབྲེལ་ ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་གིས་ ཟློ་ངོ་༦ གི་རིང་ལུ་ དངུལ་ཕོགས་ཐོབ་པའི་ ངལ་གསོ་སྦེ་བཞག་པའི་ཤུལ་ལས་ འདས་པའི་ཟླཝ་ནང་ ལོག་ཡིག་ཚང་ནང་འོང་རུང་ ད་ལྟོ་ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
གནད་དོན་དེ་ནང་ ལས་གཡོག་བློན་པོ་གིས་ འབྲེལ་གཏོགས་ཡོད་མེད་ཀྱི་ ཞིབ་དཔྱད་མཇུག་བསྡུ་ཚར་ཞིནམ་ལས་ ཤེས་ཚུགས་ནི་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མིའི་ནང་ ཇ་པཱན་ལུ་ ལཱ་གཡོག་དང་སྦྱོང་བརྡར་ གཏང་ནིའི་ལས་རིམ་ནང་ ངན་ལྷད་ཡོད་པའི་ཉེས་འཛུགས་བཀལ་མི་དེ་ ཞིབ་དཔྱད་འབད་ཚར་ནུག།
འདས་པའི་ལོ་ནང་ རྩིས་ཞིབ་དབང་འཛིན་གྱིས་ ལས་གཡོག་ལྷན་ཁག་དང་ དེའི་ལས་ཁུངས་དང་སྡེ་ཚན་ དེ་ལས་ ལས་ཚན་ཚུ་ནང་ རྩིས་ཞིབ་སྙན་ཞུ་ཁག་༡༢ ཕྱིར་སྤྲོད་འབད་ཡོདཔ་ཨིན་པས།
དེ་ནང་ ངོས་འཛིན་ཁག་༡༠ བྱུང་མི་ལུ་ བསྡོམས་ཀྱིས་དངུལ་ཀྲམ་ས་ཡ་༥.༢༨༢ ཐོན་ཡོདཔ་ད་ ངོས་འཛིན་ཁག་༥ ལུ་ བསྡོམས་མ་དངུལ་ཀྲམ་ས་ཡ་༣.༣༢༦ དེ་ སྙན་ཞུ་ཟིན་བྲིས་ བསྡུ་སྒྲིག་མ་འབད་བའི་ཧེ་མར་ གྲོས་མཐུན་འབད་ཚརཝ་ ཡང་ན་ སྙན་ཞུའི་གྲལ་ཚུད་པའི་ ཁྱད་ཆོས་མ་ཚངམ་སྦེ་ཐོན་ནུག།
ཟིན་བྲིས་སྙན་ཞུ་ཕུལ་མིའི་ནང་ ལྷན་ཁག་གིས་ དང་ལེན་འབད་མི་ལུ་ གཞི་བཞགཔ་ད་ དངུལ་ཀྲམ་༤༥༤,༠༠༠ རྩིས་སྒྲིག་འབད་ཡོདཔ་ད་ སེལ་ཐབས་འབད་མ་ཚུགས་པའི་ ཚུལ་མིན་མ་དངུལ་ དངུལ་ཀྲམ་ས་ཡ་༡.༥ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *