སྤྱི་ཟླ་༣ པའི་ཚེས་༢༣ ལུ་ འཆམ་རྐྱབ་མི་ཚུ་གིས་ སྦྱང་བ་འབད་བའི་བསྒང་།

རྩི་རང་ལུ་ ལོ་བསྟར་ཚེས་བཅུའི་དོན་ལས་ གྲ་སྒྲིག་འབད་དོ་ཡོདཔ།

༉ ད་རེས་ནངས་པར་ ནད་ཡམས་ཀོ་རོ་ན་བའེ་རཱསི་༼COVID-19༽ གི་ འཇིགས་སྣང་བྱུང་པའི་ ནམ་དུས་ལུ་ རྩི་རང་རྫོང་ཁག་གི་ ལོ་བསྟར་ཚེས་བཅུ་ བརྩི་སྲུང་ཞུ་ནི་ རན་མི་དང་བསྟུན་ བཅའ་སྒྲིག་རྐྱབ་ནིའི་དོན་ལུ་ འུར་བྱེལ་ལང་སྟེ་ཡོདཔ་ཨིན་པས།
ད་རིས་ རྩི་རང་རྫོང་ཁག་གི་ ལུང་ཕྱོགས་དང་ སྡེ་ཚན་ཁག་གྱི་འགོ་འཛིན་ དེ་ལས་ ས་གནས་གཞུང་གི་ འགོ་དཔོན་ཚུ་ འཛོམས་ཐོག་ལས་ ཚེས་བཅུའི་དོན་ལུ་ ལས་རིམ་ཚུ་ བཟོ་སྟེ་ ལཱ་འབད་ནི་དང་ འགན་ཁུར་ཚུ་སྤྲོད་ནི་ཨིན་པས།
རྫོང་ཁག་གི་ ལམ་སྲོལ་འགོ་དཔོན་འོགམ་ སྐལ་བཟང་རྒྱ་མཚོ་གིས་ བཤད་མིའི་ནང་ ཚེས་བཅུ་དེ་ ཕར་འགྱངས་དང་ ཆ་མེད་གཏང་ནིའི་ ལོ་རྒྱུས་མེདཔ་ལས་ བཅའ་སྒྲིག་རྐྱབ་པའི་བསྒང་ར་ཡོད་ཟེར་ཨིནམ་ད་ ལོ་བསྟར་གྱི་ ཚེས་བཅུ་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡ ལས་འགོ་བཙུགས་ ཉིན་གྲངས་༣ གྱི་རིང་ བརྩི་སྲུང་འབད་ནི་ཨིན་པས།
རྩི་རང་གི་རྫོང་བདག་ པདྨ་གིས་ སླབ་མིའི་ནང་ ཚེས་བཅུ་དེ་ ལས་འཆར་དང་བསྟུན་ འགོ་འདྲེན་འཐབ་འོང་ཟེར་ཨིནམ་ད་ ད་ལྟོ་ གཞུང་ལས་ བཀའ་རྒྱ་ག་ནི་ཡང་མ་ལྷོད་ཟེར་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ དུས་ཅིའི་ཚེས་བཅུ་སྐབས་ མི་ག་དེ་ཉུང་ཉུང་ སྤུངས་འཛོམས་འབད་ཐབས་ལུ་ ཨ་རྟག་བཟུམ་སྦེ་ ཚོང་འབྲེལ་ཁང་དང་ ཡང་ཅིན་ རྩེད་སྟོན་ལས་རིམ་ ག་ནི་ཡང་ འགོ་འདྲེན་འཐབ་མི་བཅུག་ཟེར་ཨིནམ་ད་ དེ་ཡང་ ནང་སྲིད་ལྷན་ཁག་གི་ བཀའ་རྒྱ་དང་འཁྲིལ་ཨིན་ཟེར་ བཤདཔ་ཨིན་པས།
ཚེས་བཅུ་བརྩི་སྲུང་འབད་སའི་ ཉེ་འདབས་ལུ་ ཚ་རིམས་དང་འབྲེལ་བའི་ སྨན་བཅོས་ཁང་ཅིག་ཡང་ གཞི་བཙུགས་འབད་ནི་ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ མི་སེར་ཚུ་ལུ་ ནད་གཞི་བརྟག་ཞིབ་འབད་ནི་ རྐྱངམ་གཅིག་མེན་པར་ རང་གི་གཟུགས་ཁམས་འཕྲོད་བསྟེན་ཡང་ གཙང་ཏོག་ཏོ་ བཞག་ནི་དང་ ཉེས་སྲུང་གི་ ཐབས་ལམ་ཚུ་ ལག་ལེན་འཐབ་དགོ་པའི་སྐོར་ བསླབ་བྱ་ཚུ་ཡང་ བྱིན་འོང་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་ནོར་བུ།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *