སྟོངམ་ཐོན་མི་ཁྱིམ།

རྩི་རང་གི་ རྒེད་འོག་ཚུ་གི་གྲས་ལས་ བར་གཤོང་རྒེད་འོག་ནང་ གུང་སྟོང་༡༢༦ ཐོན་མི་དེ་ མཐོ་ཤོས་ཨིནམ།

༉ རྩི་རང་ བར་གཤོང་རྒེད་འོག་ སྒང་ཏོག་ཁ་ལས་ སྐྱེས་ལོ་༥༤ ལང་མི་ ཨར་ཀེ་མོག་ཏཱན་གྱིས་ ཁོ་རའི་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ལས་ ཉེན་སྲུང་འབད་ནིའི་དོན་ལུ་ ཁྱིམ་གུང་༣ གྱི་ས་ཞིང་ཚུ་ནང་ ལཱ་འབད་དེ་ དུས་ཅི་འབདཝ་ད་ ལོ་༣ དེ་ཅིག་ ལང་དོ་ཡོདཔ་ཨིན་པས།

ཁོ་རའི་ ཁྱིམ་ཚང་དེ་གིས་ གུང་སྟོང་བཞག་ཞིནམ་ལས་ འཚོ་བའི་གནས་སྟངས་ལེགས་ཤོམ་ཡོད་མི་ ཁྲོམ་ཁར་གནས་སྤོ་སོང་ཡོདཔ་ལས་ ཨར་ཀེ་མོག་ཏཱན་གྱིས་ སའི་ཇོ་བདག་ཚུ་ལས་ གནང་བ་ལེན་ཏེ་ བཟའ་སྤྱོད་འབད་ནི་འགོ་བཙུགས་ཡོདཔ་ད་ ད་རེས་ གེ་ཟ་དང་ རྩྭ་ཆག་འཛུགས་སྐྱོང་གི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་པས།

ཨར་ཀེ་མོག་ཏཱན་གྱིས་ སླབ་མིའི་ནང་ གལ་སྲིད་ གུང་སྟོང་གི་ས་ཞིང་ཚུ་ མཐའ་འཁོབ་སྦེ་ལུས་པ་ཅིན་ ས་ཆ་ག་ར་ ནགས་ཚལ་ལུ་འགྱུར་ཏེ་ རི་དྭགས་སེམས་ཅན་ཚུ་ འོང་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།

ཨིན་རུང་ གཞན་གྱི་ས་ཞིང་ནང་ ལཱ་འབད་མི་ལུ་བརྟེན་ འུར་ལཱ་ཚུ་ཡང་ ཚར་གཉིས་ཕོག་པའི་ དཀའ་ངལ་བྱུང་རུང་ ཐབས་ར་མིན་འདུག་ཟེར་ཨིན་པས།

རྩི་རང་རྫོང་ཁག་གི་ ཐོ་བཀོད་དང་འཁྲིལཝ་ད་ རྫོང་ཁག་ནང་ རྒེད་འོག་༡༢ ཡོད་མིའི་གྲས་ལས་ བར་གཤོང་རྒེད་འོག་ནང་ གུང་སྟོང་༡༢༦ ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ ཆུ་ནི་ཁང་དང་ སྒང་ཏོག་ཁ་ཚུ་ནང་ གུང་སྟོང་ལེ་ཤ་ཐོན་ཡོདཔ་མ་ཚད་ སྟོང་སངས་སྤྱི་འོག་ནང་ཡང་ ལེ་ཤ་ཡོདཔ་ཨིན་པས།

བར་གཤོང་རྒཔོ་ སཱན་ཏ་ལཱལ་ པའུ་ཌེལ་གྱིས་ སླབ་མིའི་ནང་ གུང་སྟོང་ཟེརཝ་ད་ གུང་སྟོངམ་ལུས་མི་རྐྱངམ་གཅིག་མེན་པར་ གུང་སྟོང་ལུ་ དབྱེ་ཁག་༣ སྦེ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཁྱིམ་ནང་སྡོད་མི་མེད་པའི་ཁར་ ས་ཞིང་ཚུ་ཡང་ བཟའ་སྤྱོད་མ་འབད་བར་ མཐའ་འཁོབ་སྦེ་ བཞག་མི་ལུ་གོ་ནི་ཨིནམ་ད་ གུང་སྟོང་གཞན་མི་དེ་ ཁྱིམ་མེད་པའི་གུ་ ས་ཞིང་བཟའ་སྤྱོད་མ་འབད་མི་ལུ་ཡང་ གོཝ་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ གུང་སྟོང་༣ པའི་ཐད་ཁར་ མི་རྩིས་དང་ གུང་ཨང་དེ་ རྒེད་འོང་ནང་ཡོད་རུང་ རྒྱུ་དངོས་མེད་མི་ལུ་ གོ་ཟེར་ཨིནམ་ད་ གུང་སྟོང་ག་ཅི་ར་ཨིན་རུང་ རྒེད་འོག་ནང་ འཆར་གཞི་གོང་འཕེལ་གྱི་ལས་སྣ་འབད་བའི་སྐབས་ དཀའ་ངལ་བྱུངམ་མས་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ གུང་སྟོང་ཡོད་པའི་སྐབས་ དེ་གིས་ གཡུས་གོ་ག་ར་ལུ་ གནོད་པ་བྱུངམ་མས་ཟེར་ཨིནམ་ད་ ད་རེས་ མི་སེར་ཚུ་ལུ་ གདོང་ལེན་བྱུང་མི་གཅིག་ མི་དང་རི་དྭགས་སེམས་ཅན་བར་ན་ བྲེལ་ཟིང་བྱུང་མི་དེ་ཨིན་མས་ཟེར་ཨིན་པས།

ཕུན་བརྟན་ཆུ་རྒེད་འོག་དེ་ གུང་སྟོང་ཐོན་མིའི་གྲས་ལས་ ཨང་༢ པ་ཨིནམ་ད་ རྒེད་འོག་དེ་ནང་ གུང་སྟོང་༧༢ ཐོན་ཡོདཔ་ད་ བཀྲིས་ཆོས་གླིང་སྤྱི་འོག་ནང་ གུང་སྟོང་ལེ་ཤ་ཡོད་རུང་ རྒེད་འོག་དམངས་མི་ འཇམ་དཔལ་གྱིས་ སླབ་མིའི་ནང་ མ་གཞི་ རྫོང་ཁག་གིས་ གུང་སྟོང་ཐོ་བཀོད་འབད་མི་ཚུ་ མཐོ་དྲགས་ཡོད་རུང་ རྒེད་འོག་ནང་ གུང་སྟོང་༣༥ ལས་བརྒལ་མེད་ཟེར་ཨིན་པས།

དཀྱིལ་འཁོར་ཐང་རྒེད་འོག་ནང་ གུང་སྟོང་༣༡ དང་ གོ་གསར་གླིང་ལུ་༡༣ དུང་ལ་གའུན་དང་ སེམས་ལྗོངས་ལུ་འབད་བ་ཅིན་ གུང་སྟོང་༡༢ རེ་ཡོད་པའི་ཁར་ མཚོ་གླིང་མཁར་ལུ་ གུང་སྟོང་༤ ལས་བརྒལ་མེདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

འགྲུལ་འཕྲིན་ཐོག་ལས་ རྫོང་ཁ་ལྷབ་ནིའི་མཐུན་རྐྱེན་ཚུ་གསར་བཏོན།

༉ ཁ་ཙ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཨ་ལོ་ཚུ་གིས་ རྫོང་ཁའི་མིང་ཚིག་དང་ ཡིག་སྡེབ་ཚུ་ འགྲུལ་འཕྲིན་ཐོག་ལས་ ལྷབ་སྦྱང་འབད་ནིའི་དོན་ལུ་ རྫོང་ཁའི་ཡིག་སྡེབ་ཀྱི་ རྩེདམོ་དང་ ཀི་དེབ་གཞན་ཚུ་ གསར་བཏོན་འབད་ཡི། ལྷན་ཚོགས་ཀྱིས་ ཀི་དེབ་ཚུ་ཡང་ ཨིང་རྫོང་ཤན་སྦྱར་སྲིད་དོན་མིང་མཛོད་དང་ …

Leave a Reply

Your email address will not be published. Required fields are marked *