རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་གསརཔ་ བསྐོ་བཞག་གནང་ཡོདཔ།

ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་དང་ ལྷན་འཛིན་༢ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་དང་ ལྷན་འཛིན་༢ དེ་ལས་ རྩིས་ཞིབ་ཡོངས་ཁྱབ་དང་ མངོན་མཐོ་དང་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་གསརཔ་ཚུ་ བསྐོ་བཞག་གནང་ཡི།

ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གི་དྲུང་ཆེན་ བསོད་ནམས་སྟོབས་རྒྱས་དེ་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་གསརཔ་ཨིནམ་ད་ བཙག་འཐུ་ལྷན་ཚོགས་ཀྱི་ ལྷན་འཛིན་༢ ལས་ ཨོ་རྒྱན་ཚེ་དབང་དེ་ གནས་ཡུན་༢ པ་སྦེ་ ལོག་བསྐོ་བཞག་གནང་ཡོདཔ་བཞིན་དུ་ ལྷན་འཛིན་གཞན་དེ་ བཙག་འཐུ་ལྷན་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་ ཟླ་བ་བསྟན་འཛིན་ཨིན་པས།

བཙག་འཐུ་ལྷན་ཚོགས་ཀྱི་ ལྷན་འཛིན་བགྲེསཔ་ བདེ་སྐྱིད་པདྨ་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་གསརཔ་ཨིནམ་ད་ ལྷན་ཚོགས་ཀྱི་ ལྷན་འཛིན་བགྲེསཔ་ རྒྱ་མཚོ་དེ་ གནས་ཡུན་༢ པ་སྦེ་ ལོག་བསྐོ་བཞག་གནང་པའི་ཁར་ ལྷན་འཛིན་གཞན་དེ་ ལྷན་ཚོགས་ཀྱི་ ཁྱད་རིག་རྒྱབ་སྐྱོར་གྱི་ མདོ་ཆེན་བགྲེསཔ་ ཨེ་ཀརྨ་རིག་འཛིན་ཨིན་པས།

རྩིས་ཞིབ་ཡོངས་ཁྱབ་གསརཔ་དེ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ནང་ གཟིམ་དཔོན་འོགམ་སྦེ་ ཕྱག་ཞུ་མི་ བཀྲིས་ཨིནམ་ད་ ཁོ་ར་ གཟིམ་དཔོན་འོགམ་སྦེ་ གནས་སྐབས་ཅིག་ གནས་སོར་མ་བཏང་པའི་ཧེ་མར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་ གཙོ་འཛིན་རྩིས་ཞིབ་སྦེ་ ཕྱག་ཞུ་ནུག།

འབྲུག་གི་རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ འགོ་འཛིན་ཚུ་དང་ ལྷན་འཛིན་ཚུ་ བློན་ཆེན་དང་ འབྲུག་གི་ཁྲིམས་སྤྱི་བློན་པོ་ ཚོགས་དཔོན་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ གྲོས་འདེབས་ཕུལ་མིའི་ མིང་ཐོ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྐོ་བཞག་གནངམ་ཨིན་པས།

ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་ལས་ཚབ་བགྲེསཔ་ སངས་རྒྱས་མཁའ་འགྲོ་དེ་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ བསྐོ་བཞག་གནང་མི་དང་བསྟུན་  ད་རེས་ མངོན་མཐོ་ནང་ ཁྲིམས་སྤྱི་བློན་པོ་བརྩིས་ཏེ་ དྲང་དཔོན་༥ ཡོདཔ་ཨིན་པས།

ཧྭ་རྫོང་ཁག་དྲང་དཔོན་ མཁས་དབང་བྱང་ཆུབ་ནོར་བུ་དང་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱི་དྲང་དཔོན་ པ་སངས་དབང་མོ་ བསམ་གྲུབ་ལྗོངས་མཁར་གྱི་དྲང་དཔོན་ བིར་བྷ་དུར་ མངོན་མཐོ་ཁྲིམས་འདུན་གྱི་ རྩོད་འཛིན་ཡོངས་ཁྱབ་ ཚེ་རིང་རྡོ་རྗེ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་ ཡོངས་ཁྱབ་མདོ་ཆེན་བགྲེསཔ་ བློ་བཟང་རིག་འཛིན་ཡར་རྒྱས་ཚུ་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ གསར་བསྐོས་གནང་མི་དང་བསྟུན་ ད་རེས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ དྲང་དཔོན་༩ ཡོདཔ་ཨིན་པས།

མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་ རྒྱལ་ཡོངས་ཁྲིམས་སྡེ་ལྷན་ཚོགས་ལུ་ འདྲི་བསྟུན་མཛད་དེ་ འབྲུག་རྒྱལ་པོ་མཆོག་གིས་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ཡང་ན་ ཁྱད་ལྡན་ཁྲིམས་ཀྱི་མཁས་མཆོག་ཚུ་གི་གྲས་ལས་ བསྐོ་བཞག་གནངམ་ཨིན་པས།

དེ་ལས་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་ རྒྱལ་ཡོངས་ཁྲིམས་སྡེ་ལྷན་ཚོགས་ཀྱི་གྲོས་འདེབས་ཐོག་ འབྲུག་རྒྱལ་པོ་མཆོག་གིས་ རྫོང་ཁག་ཁྲིམས་འདུན་གྱི་དྲང་དཔོན་ ཡང་ན་ ཁྱད་ལྡན་ཁྲིམས་ཀྱི་མཁས་མཆོག་ཚུ་གི་གྲས་ལས་ བསྐོ་བཞག་གནངམ་ཨིན་པས།

ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ད་རེས་ནངས་པར་ བཀག་འཛིན་གྱི་ སྒྲིག་གཞི་ཚུ་ ལག་ལེན་འཐབ་ཡོད་ནི་དེ་གིས་ གསར་བསྐོས་ཀྱི་ རྟེན་འབྲེལ་ཚུ་ ཤུལ་ལས་ བརྩི་དགོཔ་ཨིན་རུང་ གོ་གནས་གསརཔ་འཆང་མི་ཚུ་གིས་ ཡིག་ཚང་གི་ འགན་ཁུར་ཚུ་ དེ་འཕྲོ་ལས་ འབག་དགོ་མི་དེ་ཡང་ རང་སོའི་ཡིག་ཚང་ཚུ་ནང་ གལ་གནད་ཆེ་བའི་ ལཱ་འགན་བར་ཆད་མེད་པར་ འཕྲོ་མཐུད་དེ་ར་ འབད་ཐབས་ལུ་ཨིན་ཟེར་ རྒྱལ་པོའི་བརྡ་དཔོན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *