ཁ་ཙ་ རྡོ་འབག་མི་ ཊཱག་དག་པ་ཅིག་ མའོ་ཁོ་ལ་གཙང་ཆུའི་ ས་ཁོངས་ནང་ སྣུམ་འཁོར་ནང་ལས་ རྡོ་ལོག་བཏོན་བཞག་ནིའི་དོན་ལུ་ འགྱོ་བའི་བསྒང་།

རྡོའི་དཀའ་ངལ་སེལ་བར་ བང་ལ་དེཤ་ལུ་ འགྱོ་ནི་དེ་ རང་འདོད་སྡེ་ཚན་གྱིས་ གོ་སྐབས་འཕྱོག་ཡོདཔ།

རིག་འཛིན་དབང་ཕྱུག་དང་ ཡོན་ཏན་ཚེ་གྲུབ།

༉ རྡོའི་ཕྱིར་ཚོང་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ དགེ་ལེགས་ཕུག་ལས་ སྡེ་ཚན་ཅིག་ སྤྱི་ཟླ་༥ པའི་ཚེས་༡༣ ལུ་ བང་ལ་དེཤ་ལུ་ འགྱོ་ནི་སྦེ་ཨིན་རུང་ ལས་འཆར་བཤོལ་བཞག་དགོཔ་བྱུངམ་ལས་ རྡོའི་དཀའ་ངལ་དེ་ འཕྲོ་མཐུད་དེ་ར་ གནས་ནི་བཟུམ་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༡༠ ལུ་ གྲོས་འཛོམས་ཅིག་འཚོགསཔ་ད་ ས་གནས་ཀྱི་ ཕྱིར་ཚོང་འཐབ་མི་དང་ འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱི་ འགོ་དཔོན་ཚུ་ཡོད་མི་ སྡེ་ཚན་ཅིག་ བང་ལ་དེཤ་གི་ ས་མཚམས་ཁྲོམ་སྡེ་ ན་ཀུ་གཱོན་ལུ་ འགྱོ་ནི་སྦེ་ ཐག་བཅད་ཡོདཔ་ད་ དགེ་ལེགས་ཕུག་ལས་ སྐྱེལ་འདྲེན་འབད་མི་ འབྲུག་གི་རྡོ་ཚུ་ ན་ཀུ་གཱོན་ལུ་ ཕྱིར་བཏོན་འབདཝ་ཨིན་པས།
ཨིན་རུང་ དགེ་ལེགས་ཕུག་ལས་ ཕྱིར་ཚོང་འཐབ་མི་ སྡེ་ཚན་ཅིག་ སྤྱི་ཟླ་༥ པའི་ཚེས་༡༢ ལུ་ ན་ཀུ་གཱོན་ལུ་ ལྷོད་ཡོད་པའི་ གནས་ཚུལ་གོ་བའི་ཤུལ་ལུ་ ལྟ་སྐོར་ལས་འཆར་དེ་ ཆ་མེད་བཏང་ནུག།
འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཚེ་རིང་ཡེ་ཤེས་ཀྱིས་ སླབ་མིའི་ནང་ རང་དོན་གྱི་ ཁེ་ཕན་ལུ་བལྟ་མི་ སྡེ་ཚན་ཅིག་གིས་ ལས་འཆར་བཟོ་ཚར་མི་ སྡེ་ཚན་གྱི་ཧེ་མར་ བང་ལ་དེཤ་ལུ་སོང་སྟེ་ ནང་འདྲེན་འབད་མི་ཚུ་དང་ མགུ་མཐུད་དེ་ གྱོས་ངན་བརྩམས་པའི་ དོགས་པ་ཡོད་ཟེར་ཨིན་པས།
ཁོང་དག་པ་ཅིག་ ང་བཅས་ལས་ ཉིནམ་ཅིག་གི་ཧེ་མར་ སོང་ཞིནམ་ལས་ ཞལ་འཛོམས་ནང་ གྲོས་བསྡུར་འབད་མི་ ཆ་མཉམ་ར་ ན་ཀུ་གཱོན་གྱི་ མི་ཚུ་ལུ་ སླབ་ནུག་ཟེར་ ཚེ་རིང་ཡེ་ཤེས་ཀྱིས་ བཤད་པའི་ཁར་ ང་བཅས་ཕར་འགྱོ་ནི་གི་ དམིགས་དོན་དེ་ ཁུངས་མེདཔ་བཟོ་དཔ་ལས་ ལྟ་སྐོར་ལས་འཆར་ ཆ་མེད་བཏང་དགོཔ་ བྱུང་ཡི་ཟེར་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྡེ་ཚན་དེ་གིས་ ཁོང་དང་གྲོས་བསྟུན་ག་ནི་ཡང་མེད་པར་ བང་ལ་དེཤ་ལུ་ སོང་ཡོདཔ་ལས་ དོགས་པ་ཆགས་དགོཔ་བྱུང་ཡི་ཟེར་ཨིན་པས།
ཚེ་རིང་ཡེ་ཤེས་ཀྱིས་འབད་བ་ཅིན་ དགེ་ལེགས་ཕུག་གི་ ཕྱིར་ཚོང་འཐབ་མི་ཚུ་ འབྲུག་ཕྱིར་ཚོང་མཐུན་ཚོགས་དང་ ཐོ་བཀོད་འབད་འབདཝ་མེད་རུང་ མཐུན་ཚོགས་ཀྱི་ འཆར་སྣང་ལས་འབད་བ་ཅིན་ རྒྱལ་ཁབ་ནང་ཡོད་མི་ ཕྱིར་ཚོང་འཐབ་མི་ག་རའི་དོན་ལུ་ ད་ལྟོའི་དཀའ་ངལ་སེལ་དགོཔ་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ནང་འདྲེན་པ་ཚུ་གིས་ འབྲུག་ལས་འོང་མི་ སྡེ་ཚན་དང་གཅིག་ཁར་ རྡོའི་གནད་དོན་སྐོར་ གྲོས་བསྡུར་འབད་ཚར་ཡོདཔ་ལས་ སྡེ་ཚན་གཞན་འོང་དགོཔ་མེད་པའི་སྐོར་ བརྡ་འཕྲིན་ཅིག་ ཐོབ་ཅི་ཟེར་ཨིན་པས།
ཕྱི་མི་ལུ་ ཆོག་ཐམ་གླར་སྤྱོད་དང་གཡོ་སྒྱུ།
གནས་ཚུལ་བཤད་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཕྱིར་ཚོང་འཐབ་མི་ ལ་ལོ་ཅིག་གིས་ ཚུལ་མིན་གྱི་སྒོ་ལས་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ ཕྱི་མི་ཚུ་དང་ མགུ་མཐུད་དེ་ གྱོས་ངན་གྱི་ འཆར་གཞི་བརྩམ་མས་ཟེར་ཨིནམ་ད་ འདས་པའི་ཟླཝ་དག་པ་ཅིག་ནང་ མི་ཚུ་གིས་ ཕྱིར་ཚོང་རྒྱུ་ཆས་ཚུ་ ཉུང་སུ་སྦེ་ གསལ་སྟོན་ཐོག་ འོང་འབབ་ས་ཡ་ལས་བཅད་དེ་ བཟོ་ཡོདཔ་ལས་ འོང་འབབ་འཇམ་ཏོང་ཏོ་སྦེ་ཐོབ་མིའི་ གོ་སྐབས་དེ་ མི་ཚུ་གིས་ བཤོལ་མི་བཞག་ཟེར་ བཤདཔ་ཨིན་པས།
ད་རུང་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ཕྱི་མི་ཚུ་གིས་ འབྲུག་གི་ཕྱིར་ཚོང་འཐབ་མི་ལ་ལོ་ཅིག་ལུ་ རྡོའི་ཚོང་འབྲེལ་ནང་ མ་དངུལ་གྱི་ རྒྱབ་སྐྱོར་འབདཝ་མས་ཟེར་ཨིནམ་ད་ ཕྱི་མི་ཚུ་ ཕྱིར་ཚོང་འཐབ་མི་ ངོ་མ་མེན་རུང་ འབྲུག་མི་ཚུ་གི་ ཚོང་འབྲེལ་ཆོག་ཐམ་ གླར་སྤྱོད་ཐོག་ ཁེ་སང་བཟོཝ་མས་ཟེར་ཨིན་པས།
གནས་ཚུལ་བཤད་མི་གིས་འབད་བ་ཅིན་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཕྱིའི་མ་རྩ་བཙུགས་མི་ཚུ་ལས་ བར་འཐུས་ལེན་ཏེ་ ལཱ་འབདཝ་མས་ཟེར་ཨིནམ་ད་ གནད་དོན་དེ་གི་ཐད་ལུ་ སྒྲུབ་བྱེད་གསལ་སྟོན་འབད་ནི་མེད་རུང་ ཚོང་འབྲེལ་འཐབ་མི་ཚུ་གིས་ འདི་ངེས་བདེན་ཨིནམ་ཤེས་ཟེར་ཨིན་པས།
ན་ཧིང་ཚུན་ཚོད་ གསར་སྤང་རྫོང་ཁག་ནང་ ཕྱིར་ཚོང་ཆོག་ཐམ་འཆང་མི་ དག་པ་ཅིག་ལས་བརྒལ་མེད་རུང་ ད་རེས་༦༠ ལྷགཔ་ཅིག་ཡོདཔ་ད་ ཕྱིར་ཚོང་པ་ལ་ལོ་ཅིག་གིས་ ལམ་ལུགས་ནང་ ནོར་སྐྱོན་ལེ་ཤ་ཡོད་མི་ལུ་བརྟེན་ མི་ཆེ་འབྲིང་ཆུང་གསུམ་ག་ར་གིས་ ཕྱིར་ཚོང་ལུ་ ག་ཐོབ་རྐྱབ་མས་ཟེར་ བཤདཔ་ཨིན་པས།
ཕྱིར་ཚོང་པ་ཅིག་གིས་ སླབ་མིའི་ནང་ དོ་ལྗིད་ཚད་འཇལ་ནིའི་ ལམ་ལུགས་ཚུལ་ལྡན་མེད་མི་ལུ་ གོ་སྐབས་ལེན་ཐོག་ལས་ ཁེ་སང་ས་ཡ་ལས་བཅད་དེ་ བཟོཝ་མས་ཟེར་ བཤད་པའི་ཁར་ ད་རེས་འབད་བའི་བསྒང་ལས་ གོ་སྐབས་ཚུ་ མེདཔ་འགྱོ་ནི་མས་ཟེར་ ཚ་གྱང་ལང་སྟེ་ཡོདཔ་ལས་ གོ་སྐབས་བཀག་མི་བཅུག་ནིའི་དོན་ལུ་ ག་ཅི་ཡང་འབད་སྲིད་ཟེར་ བཤདཔ་ཨིན་པས།
གཅིག་གིས་འབད་བ་ཅིན་ འབྲུག་མི་དག་པ་ཅིག་གིས་ ན་ཀུ་གཱོན་ལུ་ མི་སྡེ་ཚན་ཅིག་དང་ མགུ་མཐུད་ཡོདཔ་ལས་ ལྷག་པར་དུ་ སྟབས་མ་བདེཝ་བཟོཝ་མས་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ལས་ཐོན་མི་ ཚུལ་མིན་ལག་ལེན་ཚུ་ མི་དེ་ཚུ་གིས་ འགོ་བཙུགས་ཡོདཔ་བཞིན་དུ་ རྡོ་ཕྱིར་ཚོང་དང་འབྲེལ་བའི་ བརྡ་དོན་ག་ར་ ཕྱིའི་སྡེ་ཚན་དང་ བརྗེ་སོར་འབདཝ་མས་ཟེར་ གཅིག་གིས་ བཤདཔ་ཨིན་པས།
ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ད་རེས་ནངས་པར་ བང་ལ་དེཤ་ལུ་ རྡོའི་གོང་ཚད་དེ་ མེ་ཊིག་ཊཱན་རེ་ལུ་ ཡུ་ཨེསི་ཌོ་ལར་༢༩ ལས་༣༡ གི་བར་ན་ བཙོང་དོ་ཡོད་རུང་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཨེལ་སི་ཟེར་མི་ ཡི་གུ་ནང་ ཡུ་ཨེསི་ཌོ་ལར་༡༨ སྦེ་ གསལ་སྟོན་འབདཝ་ཨིན་པས།
དེ་ལས་ ལྷག་ལུས་ཌོ་ལར་༡༡ དང་༡༣ གྱི་བར་ན་ ལུས་མི་དེ་ ཚུལ་མིན་གྱི་སྒོ་ལས་ རྒྱ་གར་གྱི་ཏི་རུ་ རུ་པི་ཐོག་ལུ་ ལེན་དོ་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ རྩིས་བཱིས་རྫུས་མ་ཚུ་ འབག་འོང་དོ་ཡོད་པའི་ ལོ་རྒྱུས་ཡང་འདུག།
ལོ་རྒྱུས་དང་འཁྲིལ་བ་ཅིན་ རྒྱུ་ཆས་གསལ་སྟོན་མ་འབད་མི་ལས་ཐོབ་མི་ ཏི་རུ་མང་ཤོས་ར་ རྩིས་བཱིལ་རྫུས་མ་ཁྱབ་ཆེ་དྲགས་ཡོད་མི་ རྒྱ་གར་ཨ་སམ་མངའ་སྡེའི་ཁྲོམ་སྡེ་ བོང་གའི་གཱོན་དང་ གཱོལ་པ་ར་ལས་ ལེན་དོ་ཡོདཔ་ཨིན་པས།
འབྲུག་གི་སྣུམ་འཁོར་ཊཱག་ཚུ་གིས་ སྐྱེལ་འདྲེན་ཚར་རེ་འབདཝ་ད་ རྡོ་མེ་ཊིག་ཊཱོན་༣༥ དེ་ཅིག་ འབག་འགྱོཝ་ཨིན་རུང་ ཕྱིར་ཚོང་ཆོག་ཐམ་ནང་ ལྗིད་ཚད་མེ་ཊིག་ཊཱོན་༡༥ རྐྱངམ་གཅིག་ གསལ་སྟོན་འབད་དོ་ཡོདཔ་ལས་ དོ་ཐེབས་མེ་ཊིག་ཊཱོན་༢༠ གིས་ཡང་ མེ་ཊིག་ཊཱོན་རེ་ལུ་ ཌོ་ལར་༢༩ དང་༣༡ གི་བར་ན་ ཐོབ་དོ་ཨིན་པས།
ད་ལྟོའི་ དཀའ་ངལ་མ་ཐོན་པའི་ཧེ་མར་ ཉིན་བསྟར་བཞིན་དུ་ འབྲུག་གི་ཊཱག་༡༠༠ དེ་རེ་ བང་ལ་དེཤ་ལུ་ འགྱོ་ནི་ཡོདཔ་ཨིན་པས།
དངུལ་ཁང་བརྒྱུད་དེ་ ཨེལ་སི་ཐོག་ལུ་ ཌོ་ལར་ནང་སྤྲོདཔ་ད་ འཁོར་ལོ་༡༠ འབད་མི་ ཊཱག་རེ་གིས་ དངུལ་ཀྲམ་༡༨,༣༦༠ དེ་རེ་ ཐོབ་དོ་ཡོད་རུང་ དངུལ་ཀྲམ་༥༠,༠༠༠ ལྷགཔ་ཅིག་ ཚུལ་མིན་ཐོག་ གསལ་སྟོན་མ་འབད་མི་ རྡོ་ཚུ་ལས་ ཐོབ་དོ་ཡོདཔ་ད་ ཊཱག་རེ་གིས་ ཟླཝ་རེ་ནང་ རྡོ་སྐྱེལ་འདྲེན་ཚར་༡༠ དེ་རེ་ འབདཝ་ཨིན་པས།
དགེ་ལེགས་ཕུག་ལུ་ཡོད་མི་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ལུང་ཕྱོགས་དྲུང་ཆེན་ སྐལ་བཟང་གིས་ ད་ལྟོ་ རྩོད་རྙོགས་ཐོན་མིའི་ རྒྱུ་རྐྱེན་ངོ་མ་ར་ སྣུམ་འཁོར་ཊཱག་ཚུ་གིས་འབག་མི་ དོ་ཚད་འཇལ་ནི་གི་ ལྗིད་ཟམ་མེད་མི་ལུ་བརྟེན་ ཕྱིར་ཚོང་འཕྲོ་མཐུད་དེ་ འཐབ་བཅུག་མི་ལུ་བརྟེན་ཨིན་ཟེར་ བཤད་པའི་ཁར ད་ཚུན་གྱི་བར་ན་ ཕྱིར་ཚོང་འཐབ་མི་ ཕུད་རྡོག་གཅིག་ཡང་ ལུང་ཕྱོགས་ཡིག་ཚང་ལུ་ གནད་དོན་དེ་གི་སྐོར་སླབ་པར་ མ་འོང་ཟེར་ཨིནམ་ད་ ང་བཅས་ཀྱིས་ འཕྲལ་ཁམས་ཅིག་ཁར་ གྲོས་བསྟུན་ཞལ་འཛོམས་འཚོགསཔ་ད་རྐྱངམ་གཅིག་ དཀའ་ངལ་དེ་གི་སྐོར་ ཤེས་རྟོགས་བྱུང་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་སྡེའི་འགན་ཁུར་དེ་ རྒྱལ་ཁབ་ནང་ སྒེར་སྡེ་གོང་འཕེལ་གཏང་ཐབས་ལུ་ཨིན་རུང་ འདི་བཟུམ་མའི་ ཚུལ་མིན་ལག་ལེན་ཚུ་ ང་བཅས་རའི་ ལམ་ལུགས་ནང་ འབྱུང་བཅུག་ནི་མི་འོང་ཟེར་ཨིན་པས།
ད་རེས་ནངས་པར་ མའོ་ཁོ་ལ་གཙང་ཆུའི་མཐའ་མ་ལས་ རྡོ་དང་བྱེམ་ཚུ་ བཏོན་ནི་དང་ བསྡུ་བསྒྱོམ་འབད་ནིའི་དོན་ལུ་ ས་བརྐོ་འཕྲུལ་ཆས་༦༠ ལྷགཔ་ཅིག་དང་ སྣུམ་འཁོར་ཊཱག་བརྒྱ་ཕྲག་ལས་བཅད་དེ་ བཙུགས་ཏེ་ཡོདཔ་ད་ སྤྱི་ཟླ་༤ པའི་ཚེས་༢༤ ལས་ རྡོ་ཕྱིར་ཚོང་འཐབ་ནི་ཚུ་ ཐོགས་ལུས་ཞིནམ་ལས་ཚུར་ རྡོ་མེ་ཊིག་ཊཱོན་སྟོང་ཕྲག་ལེ་ཤ་ གཙང་ཆུའི་མཐའམ་བདའ་སྟེ་ བཀོག་བཞག་ཡོདཔ་ཨིན་པས།
ས་ཁོངས་དེ་ནང་ ཆུ་གཤམ་ལས་ རྒྱུ་ཆས་ཚུ་བཏོན་མི་ ཁག་འབགཔ་༡༨ དེ་ཅིག་ཡོདཔ་ད ལྷན་རྒྱས་གཞུང་ཚོགས་ཀྱི་ བཀའ་རྒྱ་དང་འཁྲིལཝ་ད་ རྒྱུ་ཆས་ཚུ་ སྤྱི་ཟླ་༨ པའི་ཚེས་༣༡ ལས་ བཙོང་ཚར་དགོཔ་ལས་ དུས་ཚོད་གངམ་མེད་མི་ལུ་བརྟེན་ ཕྱིར་ཚོང་འཐབ་མི་ཚུ་ ཚ་གྱང་ལང་ནི་ འགོ་བཙུགས་ནུག།
དགེ་ལེགས་ཕུག་ལུ་ ཚོང་འབྲེལ་ཧང་སྟོང་མར་ ཐོགས་ལུས་མི་ལུ་བརྟེན་ སྐྱེལ་འདྲེན་པ་མང་ཤོས་ར་ ཕུན་ཚོགས་གླིང་ལུ་ སོང་ཡོདཔ་ད་ ཁ་ཙ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དོ་འབག་མི་ ཊཱག་ཚུ་གིས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་བཅའ་ཁྲིམས་དང་འཁྲིལ་ དོ་ཚད་མེ་ཊིག་ཊཱོན་༡༥ ལས་བརྒལ་ཏེ་ འབག་མི་ཚུ་ གཏང་ནི་མེད་པའི་ མི་མང་གསལ་བསྒྲགས་འབད་བའི་ཤུལ་ལུ་ སྣུམ་འཁོར་ཊཱག་ལ་ལོ་ཅིག་ རྒྱུ་ཆས་བཏོན་སའི་ ས་ཁོངས་ནང་ རྡོ་ལོག་བཏོན་བཞག་ནིའི་དོན་ལུ་འགྱོ་སར་ མཐོང་གསལ་བྱུང་ཡོད་པའི་གནས་ཚུལ།

About admin

Check Also

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས། དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ …

Leave a Reply

Your email address will not be published. Required fields are marked *