རྡོགཔ་དྲེགས་རྫོང་།

རྡོགཔ་དྲེགས་རྫོང་གི་མིང་གཏམ་ སྔར་ག་ཨིནམ་སྦེ་ར་ བཟོ་ནིའི་དོན་ལུ་ ཤུགས་བཏོན་དོ་ཡོདཔ།

༉ དུས་ཀྱི་འགྱུར་བ་དང་འཁྲིལ་ རྡོ་དཀར་ རྡོགཔ་དྲེགས་རྫོང་དེ་ འགོ་དང་པ་ འབྲུག་པ་བཀའ་བརྒྱུད་དར་སའི་ ལྟེ་བ་ཅིག་སྦེ་ ལག་ལེན་འཐབ་པའི་ཤུལ་ལས་ རྡོགཔ་དྲེགས་དཔོན་སློབ་ཀྱི་ སྡོད་གནས་སྦེ་ ལག་ལེན་འཐབ་ཡོདཔ་ད་ དེའི་ཤུལ་ལས་ བཙོན་ཁང་ལྟེ་བ་སྦེ་ཡང་ ལག་ལེན་འཐབ་ཡོདཔ་ཨིན་པས།
ད་རེས་ རྫོང་དེ་ ཉམས་གསོ་ཞུ་བའི་བསྒང་ཡོདཔ་ད་ སྤྱི་ལོ་༡༥༣༡ ལུ་ ཡོངས་གྲགས་ལུ་ འབྲུག་པ་ཀུན་ལེགས་ཟེར་མིའི་ ཕོ་རྒནམ་ངག་དབང་ཆོས་རྗེ་གིས་ བཞེངས་ཡོདཔ་ཨིན་པས།
རྫོང་དེ་ ཆུ་འཛོམས་ལས་ ཧཱ་ལུ་འགྱོ་སའི་ལམ་ཁར་ ཆགས་ཏེ་ཡོདཔ་ད་ ལོ་རྒྱུས་དང་འཁྲིལཝ་ད་ ངག་དབང་ཆོས་རྗེ་གིས་ བོད་འབྲུག་ར་ལུང་ལུ་ཡོད་མི་ རྗེ་བཙུན་མི་ལ་རས་པའི་གདན་ས་ལས་ རོང་ཆུ་ཐོན་མི་དེ་བདའ་སྟེ་ འབྲུག་ལུ་ འབྲུག་པ་བཀའ་བརྒྱུད་ལྟེ་བ་ གཞི་བཙུགས་འབད་ནིའི་དོན་ལུ་ འོས་འབབ་ཅན་གྱི་ས་ཁོངས་ འཚོལ་འོང་བའི་ ལོ་རྒྱུས་ཡོདཔ་ཨིན་པས།
འོས་ལྡན་གྱི་ས་ཆ་དེ་ ད་ལྟོ་ རྡོགཔ་དྲེགས་རྫོང་ཆགས་ས་ལུ་ ངོས་འཛིན་འབད་ཡོདཔ་ད་ ཧེ་མ་ དཔོན་སློབ་ཀྱི་སྡོད་གནས་སྦེ་ ལག་ལེན་འཐབ་མི་ རྫོང་གི་དབུ་རྩེ་དེ་ ཤུལ་ལས་ བཙོན་ཁང་ལྟེ་བ་སྦེ་ བཟོ་ཡོདཔ་ད་ ད་རེས་ རྗེ་བཙུན་མི་ལ་རས་པའི་ ལྷ་ཁང་བཞེངས་ནིའི་དོན་ལུ་ ཉམས་གསོ་ཞུ་དོ་ཡོདཔ་ཨིན་པས།
ཉམས་གསོའི་ལཱ་ འགོ་བཙུགས་ཏེ་ ལོ་༡ དེ་ཅིག་ལང་དོ་ཡོདཔ་ད་ ལས་འགུལ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དངུལ་ཀྲམ་ས་ཡ་༣༦.༤ གནང་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཉམས་གསོའི་ལཱ་ཚུ་ཡང་ དབུ་རྩེ་དང་ སྣུམ་འཁོར་བཞག་ས་ དེ་ལས་ དགེ་སློང་ཚུ་གི་ སློབ་ཁང་ཚུ་ཨིནམ་ད་ ལས་འགུལ་འཛིན་སྐྱོང་འགོ་དཔོན་ ཚེ་རིང་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཉམས་གསོ་དེ་ དགེ་འདུན་སློབ་གྲྭའི་དོན་ལུ་ ཁག་ཆེ་བའི་ཁར་ རྒྱལ་རབས་ཅན་གྱི་ས་ཁོངས་དེ་ ཉམས་སྲུང་འབད་དགོཔ་ཡང་ གལ་ཆེཝ་སྦེ་ མཐོང་ཡི་ཟེར་ཨིན་པས།
ད་རེས་ བཤད་གྲྭ་ནང་ དགེ་སློང་༣༥ དང་ བླམ་ཅིག་ཡོདཔ་ད་ རྫོང་གི་ཉེ་འདབས་ལུ་ཡོད་མི་ ལྷ་ཁང་ནང་གི་ རྗེ་བཙུན་མི་ལ་རས་པའི་སྐུ་འདྲ་དེ་ བོད་ཀྱི་ས་གནས་ འབྲུག་ར་ལུང་ལས་ འབག་འོང་བའི་ ལོ་རྒྱུས་ཡོདཔ་ཨིན་པས།
ད་རེས་ རྫོང་ནང་ མི་བརྒྱ་ལས་བཅད་དེ་ འོང་དོ་ཡོདཔ་ད་ དགེ་བཤེས་ཀྱི་ ཤེས་ཡོན་སྦྱང་མི་ བཙན་སྐྱོགས་ཚེ་རིང་རྡོ་རྗེ་གིས་ རྫོང་དེ་གི་ ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ ས་གནས་ཀྱི་མི་ཚུ་གིས་ ཉོགས་བཤད་འབད་མི་དང་ རྫོང་ལུ་ཉམས་ཆག་སྦོམ་སྦེ་ར་ ཤོར་ཡོད་མི་ལུ་བརྟེན་ བཙོན་ཁང་ལྟེ་བ་སྦེ་ ལག་ལེན་འཐབ་མི་དེ་ བར་སྐབས་ཅིག་ལས་ བཤོལ་བཞག་ནུག་ཟེར་ཨིན་པས།
རྒྱལ་ཡོངས་འགྲེམས་སྟོན་ཁང་གི་ ཞིབ་འཚོལ་གོངམ་བགྲེསཔ་ཨིན་མི་ བཙན་སྐྱོགས་ཚེ་རིང་རྡོ་རྗེ་གི་ ཞིབ་འཚོལ་ནང་ མདོར་བསྡུས་སྦེ་ བཀོད་མི་དང་འཁྲིལཝ་ད་ སྤྱི་ལོ་༡༧༧༦ ལུ་ རྫོང་དེ་ བཙོན་ཁང་ལྟེ་བ་སྦེ་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ ལག་ལེན་འཐབ་པའི་ཤུལ་ལས་ སྤྱི་ལོ་༡༩༩༧ ལུ་ ས་གནས་ཀྱི་མི་ཚུ་གིས་ འཕྲོ་མཐུད་འབད་མ་ཆོགཔ་ བཟོ་དགོཔ་སྦེ་ ཞུ་བ་འབད་ནུག་ཟེར་བཀོད་ནུག།
རྒྱལ་རབས་དང་འཁྲིལཝ་ད་ ལགཔ་དང་རྐངམ་ དེ་ལས་ ཨོལ་ལྐོག་གུ་ ལྕགས་ཀྱི་འཁོར་ལོ་བཙུགས་མི་ བཙོན་པ་དང་ ཁྲིམས་སྲུང་འགག་པ་ཚུ་ རྫོང་དེ་གི་ནང་ན་སྡོད་ནི་དེ་གིས་ ཉེ་འདབས་ཀྱི་ལྷ་ཁང་ནང་ མི་ག་གིས་ཡང་ དཀར་མེ་ཕུལ་བ་ཡང་ འགྱོ་མི་ཧུམ་ཟེར་ཨིན་པས།
བཙོན་ཁང་ལྟེ་བ་དེ་ རྫོང་ནང་ལས་སྤོ་སྟེ་ ལོ་ངོ་བཅུ་ཕྲག་༢ དེ་ཅིག་ ལང་དོ་ཡོད་རུང་ ཚར་གཅིག་ བཙོན་ཁང་སྦེ་ ལག་ལེན་འཐབ་ནི་དེ་གིས་ ད་ལྟོ་ཡང་ མི་ཚུ་གིས་ རྫོང་དེ་ བཙོན་ཁང་བཟུམ་མའི་ མིང་གཏམ་ངན་པ་དེ་ ཤུགས་སྦེ་ར་ དར་ཁྱབ་སོང་ཡོདཔ་ལས་ དེ་སྦེ་ར་ ལུས་ཡོདཔ་ཨིན་པས།
རྫོང་གི་བླམ་ ཡེ་ཤེས་ཀྱིས་ སླབ་མིའི་ནང་ ཁོ་ར་ ལོ་༧ གྱི་ཧེ་མར་ བླམ་སྦེ་བསྐོ་བཞག་འབད་བའི་སྐབས་ མི་རེ་གཉིས་རྐྱངམ་གཅིག་གིས་ རྫོང་ནང་ འོང་ནི་ཡོད་ཟེར་ཨིན་པས།
འོང་མི་ཚུ་གིས་ ལྷ་ཁང་གི་ ནང་རྟེན་སྐོར་ལས་ ཤེས་དགོ་མནོ་མི་མེན་པར་ བཙོན་པ་ཚུ་གི་སྐོར་ལས་ ཤེས་དགོ་མནོ་མི་ཚུ་ འོང་ནི་ཡོད་ཟེར་ཨིནམ་ད་ ད་ལྟོ་ མི་ཚུ་ལུ་ ལྷ་ཁང་གི་སྐོར་ལས་ གོ་བརྡ་སྤྲོད་དོ་ཟེར་ཨིན་པས།
བླམ་གིས་ སླབ་མིའི་ནང་ རྫོང་དེ་ བཙོན་ཁང་སྦེ་ ལག་ལེན་འཐབ་ནི་དེ་གིས་ མི་ཚུ་གིས་ གྲོགས་རམ་འབད་ནི་ལས་ཡང་ འཛེམ་སྡོད་ནི་འདུག་ཟེར་ཨིན་པས།
ཨིན་རུང་ ཉམས་གསོའི་ལཱ་ཚུ་ འབད་ཚར་བའི་ཤུལ་ལས་ རྫོང་གི་མིང་གཏམ་དེ་ ཧེ་མ་བཟུམ་སྦེ་ བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ བཤད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *