རྡོ་བཞག་སའི་ ས་ཁོངས་བཟོ་བའི་བསྒང་ཡོད་མིའི་མཐོང་སྣང་།

རྡོ་ཕྱིར་ཚོང་འཐབ་ནིའི་ ལྷན་ཐབས་ལུ་ བསགས་མཛོད་ས་ཁོངས་གསརཔ།

༉ དགེ་ལེགས་ཕུག་ལུ་ ཕྱིར་ཚོང་འཐབ་མི་ཚུ་གིས་ བཟོ་གྲྭ་ཞབས་ཏོག་ལྟེ་བའི་ སྦོ་ལོགས་ཁར་ བསགས་མཛོད་ས་ཁོངས་བཟོ་ནིའི་དོན་ལུ་ ས་ཐང་བཅད་མི་དེ་ ཧ་ལམ་ མཇུག་བསྡུ་དོ་ཡོདཔ་ད་ ས་ཁོངས་དེ་ འཕྲལ་མགྱོགས་ར་ རྡོ་རུག་ཕྱིར་ཚོང་འཐབ་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།
རྡོ་རུག་བཞག་སའི་ ས་ཁོངས་དེ་ཡང་ རྫོང་ཁག་བདག་སྐྱོང་དང་ འབྲུག་ཕྱིར་ཚོང་མཐུན་ཚོགས་ དེ་ལས་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་དང་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ བཟོ་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༣ པ་ལས་ཚུར་ རྡོ་ཕྱིར་ཚོང་མཚམས་འཇོག་འབད་མི་དེ་ ལོག་འགོ་བཙུགས་ནི་ གྲ་སྒྲིག་འབདཝ་དང་འབྲེལ་ ཕྱིར་ཚོང་འཐབ་མི་༡༤ ལྷགཔ་ཅིག་གིས་ རྡོ་བཞག་སའི་ས་ཁོངས་བཟོ་ནིའི་དོན་ལུ་ ཞལ་འདེབས་འབད་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ལས་ ཕྱིར་ཚོང་འཐབ་མི་ བཙན་སྐྱོགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཕྱིར་ཚོང་པ་ཚུ་གི་བར་ན་ ཁ་སླབ་སྟེ་ བསགས་མཛོད་ས་ཁོངས་བཟོ་ནི་ འགོ་བཙུགས་ཡོདཔ་མ་ཚད་ རྫོང་ཁག་བདག་སྐྱོང་གིས་ ཕྱིར་ཚོང་གི་ བྱ་སྒོའི་རིམ་པ་ཚུ་ མཇུག་བསྡུ་ནིའི་དོན་ལས་ ལཱ་འབད་དོ་ཟེར་ཨིན་པས།
འགྲོ་འགྲུལ་བཀག་དམ་ལུ་བརྟེན་ རྒྱ་གར་ལུ་ ཕྱིར་ཚོང་ངེས་མེད་ཀྱི་ གནས་སྟངས་ནང་ ཡོདཔ་མ་ཚད་ ཚོང་འབྲེལ་འགོ་བཙུགས་ནི་ལུ་ སྤྲོ་བ་བསྐྱེད་མི་ བཀྲམ་སྤེལ་བ་དག་པ་ཅིག་མ་གཏོགས་ མེདཔ་ཨིན་པས།
འདས་པའི་ཟླཝ་ནང་ འགྲུལ་སྐྱོད་བཀག་དམ་མ་འབད་བའི་ ཉིནམ་༡ གི་ཧེ་མར་ ཕྱིར་ཚོང་འཐབ་མི་ཚུ་གིས་ རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་དང་ འབྲེལ་ཡོད་ལས་སྡེ་ཚུ་དང་ མཉམ་འབྲེལ་ཐོག་ལས་ རྡོ་ཕྱིར་ཚོང་འཐབ་ནི་ ལོག་འགོ་བཙུགས་ཡོདཔ་ད་ ཉིནམ་དེ་ནང་ སྣུམ་འཁོར་ཊཱག་རྡོ་༦ དེ་ཅིག་ བཙོང་ཡོདཔ་ཨིན་པས།
དེ་བསྒང་ ནད་ཡམས་འཐོབ་ནིའི་ ཉེན་ཁ་སྦོམ་སྦེ་ར་སྡོད་ཅི་ཟེར་ བཙན་སྐྱོགས་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
གསར་སྤང་དང་ དགེ་ལེགས་ཕུག་གཞུང་ལམ་བདའ་སྟེ་ བཟོ་གྲྭ་ཞབས་ཏོག་ལྟེ་བའི་འོག་ལུ་ བསགས་མཛོད་ས་ཁོངས་དེ་ བཟོ་སྐྲུན་འབད་ཚར་ཞིནམ་ལས་ འབྲུག་གི་སྣུམ་འཁོར་ཊཱག་ཚུ་གིས་ རྡོ་རུག་ཐོན་ས་ལས་ བསགས་མཛོད་ས་ཁོངས་ནང་ སྐྱེལ་འདྲེན་འབད་ནི་ཨིན་པས།
རྒྱ་གར་གྱི་ སྣུམ་འཁོར་ཊཱག་ཚུ་གིས་ ནད་ཡམས་བཀག་འཛིན་མཐུན་རྐྱེན་འོག་ལུ་ ལག་ལེན་འཐབ་ནི་ཨིན་མི་ བསགས་མཛོད་ས་ཁོངས་ལས་ རྡོ་རུག་ཚུ་ འབག་འགྱོ་ནི་ཨིན་པས།
ས་ཆ་ཨེ་ཀར་༥ ནང་ ས་ཁོངས་བཟོ་ནི་དེ་ སྤྱི་ཟླ་༩ པའི་ཚེས་༢ ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་གིས་ བསགས་མཛོད་ས་ཁོངས་བཟོ་ནིའི་ ཟད་འགྲོ་ཚུ་ མཉམ་རུབ་ཐོག་ལས་ གཏང་དགོཔ་སྦེ་ རྫོང་ཁག་བདག་སྐྱོང་ལུ་ གྲོས་འཆར་བཙུགས་ཡོདཔ་ཨིན་པས།
འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱི་ ལས་རིམ་འགོ་དཔོན་ གུ་རུ་དབང་ཕྱུག་གིས་ སླབ་མིའི་ནང་ ཁེ་གྱོང་པ་ཚུ་གིས་ འཆར་གཞི་གཏན་འཁེལ་བཟོ་བའི་བསྒང་ཡོད་ཟེར་ཨིནམ་ད་ བསགས་མཛོད་ས་ཁོངས་བཟོ་ཚརཝ་ཅིག་ རྡོ་ཕྱིར་ཚོང་འཐབ་ནི་ འགོ་བཙུགས་འོང་ཟེར་ བཤདཔ་ཨིན་པས།
ན་ཧིང་ རྡོ་ཕྱིར་ཚོང་འཐབ་མི་དེ་ སྤྱི་ལོ་༢༠༡༨ ལུ་ དངུལ་ཀྲམ་ཐེར་འབུམ་༢.༡ ལས་ དངུལ་ཀྲམ་ཐེར་འབུམ་༤.༩ ལུ་ ལོག་ལྟབ་ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་ས་ཡ་༦༩༠ དེ་ཅིག་གི་ རྡོ་བཙོང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *