རྡོ་ཕྱིར་ཚོང་ནང་ ངན་ལྷད་ལག་ལེན་སྡེ་ཚན་ཡོད་པའི་ མངོན་གསལ་བྱུང་ཡོདཔ།

འབྲེལ་ཡོད་དབང་འཛིན་ཚུ་ལུ་ དོ་འབག་ཆོག་པའི་ ཁྲིམས་ལུགས་བསྟར་སྤྱོད་འབད་དགོ་པའི་དྲན་བསྐུལ།
༉ ཕུན་ཚོགས་གླིང་དང་ བསམ་རྩེ་ དགེ་ལེགས་ཕུག་ལུང་ཕྱོགས་གསུམ་ལས་ བང་ལ་དེཤ་ལུ་ རྡོ་ཕྱིར་ཚོང་འཐབ་ནི་དེ་ ཡར་སེང་འགྱོ་བའི་བསྒང་ཡོད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ས་མཚམས་བརྒལ་དེ་ ངན་ལྷད་དང་འབྲེལ་བའི་ ལས་སྣ་ཚུ་ སྔོན་འགོག་འབད་ཐབས་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ དོ་འབག་ཆོག་པའི་ ཚད་གཞི་དེ་ དམ་དམ་སྦེ་ བསྟར་སྤྱོད་འབད་དགོ་པའི་ དྲན་བསྐུལ་འབད་ནུག།
དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༤ ལུ་ ལྷན་ཚོགས་ཀྱི་ ཁྲི་འཛིན་གྱིས་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་དང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ལུ་ ཡི་གུ་བྲིས་མིའི་ནང་ ལས་སྡེ་གཉིས་ཆ་རའི་ཧོངས་ལས་ ལྟ་རྟོག་དམ་དམ་འབད་ནི་དང་ ཕྱིར་ཚོང་གི་དོན་ལུ་ དོ་ཆས་ཚུ་ ཁྲིམས་མཐུན་ཆོག་ཚད་ལས་བརྒལ་ཏེ་ འབྲུག་གི་ཕྱི་ཁར་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཆ་མཉམ་ར་ མ་བཏང་པར་ བཀག་བཞག་དགོཔ་སྦེ་བཀོད་ནུག།
ལྷན་ཚོགས་ཀྱིས་འབད་བ་ཅིན་ དབང་འཛིན་ཚུ་གིས་ རྡོ་འབག་མི་ སྣུམ་འཁོར་ཊཱག་ཚུ་ལུ་ དོ་ཚད་ལས་བརྒལ་ཏེ་ འབག་ཡོད་པ་ཅིན་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་བཅའ་ཁྲིམས་༡༩༩༩ ཅན་མ་དང་འཁྲིལ་ ཁྲིམས་ཀྱི་དང་ལེན་ སྒྲིང་སྒྲི་འབད་དགོ་ཟེར་ཨིན་པས།
སྣུམ་འཁོར་གྱི་ ལག་དེབ་དང་འཁྲིལ་བ་ཅིན་ ཊཱག་རེ་གིས་ དོ་ཚད་མེ་ཊིག་ཊཱོན་༡༥ ལས་བརྒལ་ འབག་མི་ཆོག་པས།
ད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ད་རེས་ནངས་པར་ གཙང་ཆུའི་རྡོ་ཚུ་ བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་མི་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་ ནམ་དུས་ལུ་ ས་མཚམས་བརྒལ་ཏེ་ ངན་ལྷད་ལག་ལེན་སྡེ་ཚན་ཡོད་པའི་ མངོན་གསལ་བྱུང་པའི་སྐོར་ སྤྱིར་བཏང་མི་མང་ལུ་ གསལ་བསྒྲགས་འབད་ནུག།
ངན་ལྷད་ལག་ལེན་དེ་ཡང་ ལྷན་ཚོགས་ཀྱིས་ ཕུན་ཚོགས་གླིང་ལུ་ ཡོངས་གྲགས་ལུ་ ཏུར་ས་ཟེར་སླབ་མི་ ཨ་མོ་ཆུ་གཙང་ཆུའི་མཐའ་མ་ལས་ རྡོ་བཏོན་ཐོག་ལས་ བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་མིའི་ནང་ ངན་ལྷད་དང་འབྲེལ་བའི་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགསཔ་ད་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
ནང་གསུག་སྤྲོད་ལེན་དང་ཁེ་ཕན།
ལྷན་ཚོགས་ཀྱི་ ཡི་གུ་ནང་ སྤྱི་ལོ་༢༠༡༧ ལུ་ གཙང་ཆུའི་རྡོ་ཚུ་ ཕྱིར་ཚོང་འཐབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ས་མཚམས་ཕྱི་ཁའི་ རྒྱ་གར་གྱི་ མི་སྡེ་ཚན་ཅིག་གིས་ ཁོང་རའི་སྤྱི་གཡོགཔ་ཚུ་དང་ མགུ་མཐུད་དེ་ ནང་གསུག་རྐྱབ་ནི་དང་ དེ་གི་ཁེ་ཕན་ཐོབ་ཐབས་ལུ་ གཡོ་སྒྱུ་ཅན་གྱི་ ཐབས་བྱུས་ཚུ་ བཏོན་ཏེ་འདུག་ཟེར་བཀོད་ནུག།
ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབདཝ་ད་ འབྲུག་གི་ཕྱིར་ཚོང་པ་དང་ སྐྱེལ་འདྲེན་པ་ཚུ་གིས་ དོ་འབག་མི་ ཊཱག་རེ་ལུ་ ནང་གསུག་སྦེ་ བར་མི་དག་པ་ཅིག་ལུ་ ཟླཝ་རེ་ནང་ ཚད་གཞི་བཟོ་ཡོད་མི་ དངུལ་འབོར་དེ་ སྤྲོད་དགོཔ་བཞིན་དུ་ ཏི་རུ་དེ་ བར་མི་ཚུ་གིས་སྦེ་ ས་མཚམས་ཀྱི་ཕྱི་ཁར་ ཁྲིམས་ལུགས་བསྟར་སྤྱོད་འབད་མི་ འགོ་དཔོན་ཚུ་ལུ་ ནང་གསུག་རྐྱབ་དོ་ཡོད་པའི་ ཤེས་རྟོགས་བྱུང་ནུག།
དེ་ཡང་ བར་མི་ངོ་རྐྱང་ཚུ་གིས་ འཁོར་ལོ་༡༠ འབད་མི སྣུམ་འཁོར་ཊཱག་རེ་ལས་ དངུལ་ཀྲམ་༩,༠༠༠ རེ་དང་ འཁོར་ལོ་༦ འབད་མི་ཊཱག་རེ་ལས་ དངུལ་ཀྲམ་༧,༠༠༠ ལས་༨,༠༠༠ ཚུན་ ལེན་དོ་ཡོདཔ་ལས་ ཟླཝ་རེ་ལུ་ དངུལ་ཀྲམ་ས་ཡ་༡༠ ལྷགཔ་རེ་ བསྡུ་ལེན་འབདཝ་ཨིན་པས།
འབྲུག་གི་ཕྱིར་ཚོང་འཐབ་མི་དང་ སྐྱེལ་འདྲེན་པ་ཚུ་གིས་ སྣུམ་འཁོར་ཞིབ་དཔྱོད་པའི་ གླ་འཐུས་ཟེར་ རྒྱ་གར་གྱི་ ས་མཚམས་ཞིབ་དཔྱད་སྒོ་ར་ཁག་ཚུ་ནང་ཡོད་མི་ སྤྱི་གཡོགཔ་ཚུ་ལུ་ དགའ་ཚོར་སྦེ་ ནང་གསུག་རྐྱབ་དོ་ཡོད་མི་དེ་ཡང་ སྣུམ་འཁོར་ཊཱག་ཚུ་ རྒྱ་གར་གྱི་ ས་ཁོངས་བརྒྱུད་དེ་ སྐྱེལ་འདྲེན་འབད་བའི་སྐབས་ འགོ་དཔོན་ཚུ་གིས་ བཀག་ནི་དང་ དོ་ཚད་ལས་བརྒལ་ཏེ་འབག་པའི་ ཉེས་བྱ་བཀལ་ནི་ལས་ ཟུར་ཐབས་ལུ་ཨིན་པས་ཟེར་ ཡི་གུ་ནང་བཀོད་ནུག།
ལྷན་ཚོགས་ཀྱིས་འབད་བ་ཅིན་ ཕྱིར་ཚོང་འཐབ་མི་དང་ སྐྱེལ་འདྲེན་པ་ཚུ་གིས་ དེ་བཟུམ་མའི་ ཐབས་བྱུས་ལག་ལེན་ཐོག་ ནང་གསུག་རྐྱབ་མི་དེ་ཡང་ འབབ་ཁུངས་ཀྱི་ཁྲལ་ སྦང་གསང་འབད་ནི་དང་ ཁྲིམས་མཐུན་གྱི་བཙོང་ཁྲལ་ལས་ ཟུར་ཐབས་ལུ་ཨིནམ་ད་ དེ་བཟུམ་འབད་མི་དེ་ འབྲུག་གི་འོང་འབབ་ཁྲལ་གྱི་ བཅའ་ཁྲིམས་ལས་ འགལ་ཡོདཔ་མ་ཚད་ རྒྱལ་ཁམས་ལུ་ འོང་འབབ་ས་ཡ་ལས་བཅད་དེ་ སྐུ་གྱོང་ཕོག་ནུག་ཟེར་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བར་མི་བཙུགས་ཐོག་ལས་ ཡང་ན་ ཐབས་ཤེས་གང་རུང་ཐོག་ ཕྱི་རྒྱལ་ཁབ་ཀྱི་ སྤྱི་གཡོགཔ་ཚུ་ལུ་ གནང་གསུག་སྤྲོད་ནི་དེ་ འབྲུག་གི་ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་དོན་ཚན་༤༤ པ་དང་༤༥ པའི་ དགོངས་དོན་དང་འཁྲིལ་ཏེ་ ངན་ལྷད་ཀྱི་ གནོད་འགེལ་གྲངས་སུ་ ཚུདཔ་བཞིན་དུ་ ཉེས་འགེལ་ཚུ་ནང་ གྲལ་གཏོགས་འབད་མི་ཚུ་ཡང་ འབྲུག་གི་འོང་འབབ་ཁྲལ་གྱི་བཅའ་ཁྲིམས་༢༠༠༡ མ་དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་བཅའ་ཁྲིམས་༡༩༩༩ ཅན་མ་ལས་ འགལཝ་ཨིན་ཟེར་བཀོད་ནུག།
ཚུལ་མིན་འཐབ་ཐངས།
ཕུན་ཚོགས་གླིང་ལས་ བང་ལ་དེཤ་ལུ་ རྡོ་ཚུ་ ལོ་ཕྱེད་དང་གཉིས་དེ་ཅིག་གི་ཧེ་མར་དང་ དགེ་ལེགས་ཕུག་ལས་ ཕྱིར་ཚོང་འཐབ་ནི་དེ་ ན་ཧིང་ལས་ འགོ་བཙུགས་ཡོདཔ་ད་ འབྲུག་གི་སྣུམ་འཁོར་ཊཱག་ འཁོར་ལོ་༡༠ འབད་མི་རེ་གིས་ དོ་ལྗིད་ཚད་མེ་ཊིག་ཊཱན་༡༥ ལས་བརྒལ་ འབག་མི་ཆོགཔ་ཨིན་རུང དོ་མེ་ཊིག་ཊཱན་༣༠ ལས་༣༥ འི་བར་ན་ འབག་དོ་ཡོདཔ་ཨིན་པས།
དོ་འབག་མི་ སྣུམ་འཁོར་ཚུ་ ཕུན་ཚོགས་གླིང་དང་ བསམ་རྩེ་ ཡང་ཅིན་ དགེ་ལེགས་ཕུག་གི་ ས་མཚམས་སྒོ་ར་སྒོ་ལས་ ཕྱི་ཁར་ཐོན་འགྱོཝ་ད་ ཕྱིར་ཚོང་འཐབ་མི་ ཡང་ཅིན་ སྐྱེལ་འདྲེན་པ་ཚུ་གིས་ ཤོག་གུ་གུ་ དོ་མེ་ཊིག་ཊཱན་༡༥ ལས་བརྒལ་མེད་ཟེར་ གསལ་སྟོན་འབད་དོ་ཡོདཔ་ད་ དོ་ཐེབས་མེ་ཊིག་ཊཱན་༢༠ ལྷགཔ་ཅིག་ ཚུལ་མིན་གྱི་སྒོ་ལས་ བང་ལ་དེཤ་ལུ་ སྐྱེལ་འདྲེན་འབད་མི་ རྡོ་ཚུ་ཡང་ ཕུན་ཚོགས་གླིང་ཨ་མོ་ཆུ་དང་ བསམ་རྩེ་དམ་དུམ་གཙང་ཆུ་ དེ་ལས་ དགེ་ལེགས་ཕུག་མའོ་ཁོ་ལ་གཙང་ཆུའི་མཐའམ་ཚུ་ལས་བཏོན་མི་ཚུ་ཨིན་པས།
འབྲུག་མི་ཕྱིར་ཚོང་འཐབ་མི་ཚུ་གིས་ འོང་འབབ་དང་ ཅ་དམ་ཞིབ་དཔྱད་སྒོ་ར་ཚུ་ནང་ དོ་ཚད་ཉུང་སུ་སྦེ་ གསལ་སྟོན་འབད་མི་དེ་ཡང་ དོ་ཐེབས་འབག་མི་ཚུ་ལུ་ ཁྲལ་ལས་ཟུར་ཐབས་ལུ་ཨིན་པས།
བང་ལ་དེཤ་གི་ ནང་འདྲེན་པ་ཚུ་གིས་ འབྲུག་ལས་ཉོ་མི་ རྡོ་མེ་ཊིག་ཊཱན་རེ་ལུ་ ཁྲལ་བརྒྱ་ཆ་༥ རེ་ སྤྲོད་དགོཔ་བཞིན་དུ་ དཔེ་འབད་བ་ཅིན་ ཕྱིར་ཚོང་འཐབ་མི་ཚུ་གིས་ གཙང་ཆུའི་རྡོ་མེ་ཊིག་ཊཱན་རེ་ལུ་ ཡུ་ཨེསི་ཌོ་ལར་༢༥ རེ་སྦེ་ བཙོངམ་ཨིན་རུང་ ཁྲལ་གྱི་དོན་ལུ་ ཡུ་ཨེསི་ཌོ་ལར་༢༠ སྦེ་ གསལ་སྟོན་འབད་དོ་ཡོདཔ་ད་ རྡོ་ལྗིད་ཚད་གསལ་སྟོན་མ་འབད་མི་ཚུ་གི་དོན་ལུ་ ནང་འདྲེན་པ་ཚུ་གིས་ དངུལ་རྐྱང་ སྤྲོད་ཐོག་ལས་ ཁྲལ་ལས་ཟུར་ཐབས་འབདཝ་ཨིན་པས།
ལམ་ལུགས་དང་འཁྲིལ་བ་ཅིན་ དོ་འབག་མི་ ཊཱག་ཚུ་ འབྲུག་ལས་ ས་མཚམས་ཕྱི་ཁར་ ཐོན་མ་འགྱོ་བའི་ཧེ་མར་ ལྗིད་ཟམ་གུ་བདའ་སྟེ་ དོའི་ལྗིད་ཚད་འཇལ་དགོཔ་ཨིན་རུང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ལྗིད་ཟམ་ཚུ་ ཚུལ་ལྡན་སྦེ་ ལག་ལེན་མ་འཐབ་པའི་ ངོས་འཛིན་བྱུང་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ སྐྱེལ་འདྲེན་པ་ཚུ་ལུ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་བཅའ་ཁྲིམས་ལས་འགལ་ཏེ་ དོ་འབག་བཅུག་མི་ལུ་བརྟེན་ གཡོ་སྒྱུ་ལག་ལེན་དང་ ནང་གསུག་སྤྲོད་ལེན་གྱི་ ལཱ་བྱ་ཚུ་ འཐབ་ནུག་ཟེར་ཨིན་པས།
གལ་སྲིད་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཞིབ་དཔྱད་དང་ ལྟ་རྟོག་ཚུ་ ཚུལ་མཐུན་འབད་ཡོད་པ་ཅིན་ ས་མཚམས་ཀྱི་ཕྱི་ཁར་ གསུག་འབུལ་གྱི་ གནད་དོན་ཚུ་ ཐོན་དགོཔ་མིན་འདུག་ཟེར་ ལྷན་ཚོགས་ཀྱི་ ཡི་གུ་ནང་བཀོད་ནུག།
ལྷན་ཚོགས་ཀྱིས་ ཉེས་འགེལ་དང་ བདག་སྐྱོང་དང་འབྲེལ་བའི་ ལཱ་བྱ་འཐབ་མི་ཚུ་ ངོས་འཛིན་འབད་ནིའི་དོན་ལུ་ འཕྲོ་མཐུད་དེ་ར་ ཞིབ་དཔྱད་རྐྱབ་ནི་ཨིན་རུང་ ཕྱིར་ཚོང་འཐབ་མི་ག་ར་གིས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་བཅའ་ཁྲིམས་དང་འཁྲིལ་ དང་ལེན་འབད་དགོ་པའི་ ནད་བསྐུལ་འབདཝ་ཨིན་པས།
ད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཧང་སྟོང་མར་ ཞིབ་དཔྱད་རྐྱབ་ནི་ཨིནམ་ལས་ གལ་སྲིད་ འབྲེལ་ཡོད་སྤྱི་གཡོགཔ་ཚུ་གིས་ རང་སོའི་སྒྲིག་གཡོག་ཚུ་ སྣང་མེད་བསྐྱུར་བཞག་པའི་ མངོན་གསལ་བྱུང་པ་ཅིན་ འབྲེལ་བ་ཅན་ཚུ་ལུ་ འགན་འཁྲི་བཀལ་ནི་དང་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་དང་འཁྲིལ་ཏེ་ ཁྲིམས་མཐུན་ངོས་ལེན་འབད་ནི་ཟེར་ དྲན་བསྐུལ་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *