འཇའ་ཤར་དགོན་པ།

རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་གྱི་གདན་ས་ འཇའ་ཤར་དགོན་པ་ལུ་ ཨ་ནེམོ་གྲྭ་ཚང་གཞི་བཙུགས།

༉ ཤིང་ཆེན་སྣ་ཚོགས་ཀྱིས་ ལྕགས་རི་སྦེ་ བསྐོར་ཡོད་པའི་ སྤང་ཐང་ཉམས་དགའ་ཏོག་ཏོ་ཅིག་ནང་ལྷོདཔ་ད་ ཆོས་ཀྱི་སྒྲ་དབྱངས་དུམ་གྲ་རེ་གོཝ་མ་གཏོགས་ མི་སྐད་དང་ ཁྱི་སྐད་ལ་སོགས་པ་ག་ནི་ཡང་ གོ་ནི་མིན་འདུག།
ཨིན་རུང་ ས་སྨུག་སྤུབས་ཡོད་མིའི་ནང་ལས་ ལེགས་ཤོམ་སྦེ་ལྟཝ་ད་ ཟངས་མདོག་དཔལ་རིའི་ བཟོ་བཀོད་དང་ ཆ་འདྲཝ་སྦེ་ བཞེངས་ཡོད་པའི་ ལྷ་ཁང་ཐོག་ཚད་གཉིས་འབད་མིའི་ གདོང་ཁ་ལས་ ན་བཟའ་དམར་སེར་གྱོན་མི་རེ་གཉིས་ ཕར་ཚུར་འགྱོ་སར་མཐོངམ་མས།
དེ་ཡང་ པདྨ་དགའ་ཚལ་ཁྲོམ་ལས་ ཀི་ལོ་མི་ཊར་༨ ལྷགཔ་ཅིག་གི་ ས་གནས་ཁར་ཡོད་མི་ འཇའ་ཤར་དགོན་པ་ལུ་བཞུགས་མི་ ཨ་ནེམོ་ཚུ་ཨིནམ་ད་ ཨ་ནེམོ་གྲྭ་ཚང་དེ་ སྤྱི་ལོ་༢༠༠༢ ལུ་ སྒྲུབ་བླ་རྒྱལ་མཚན་སྤྲུལ་སྐུ་མཆོག་གིས་ གཞི་བཙུགས་གནང་ཡོདཔ་ཨིན་པས།
ཨིན་རུང་ དགོན་པ་དེ་ པདྨ་དགའ་ཚལ་བཟོ་སྦལ་ལས་ རྗེ་བཙུན་སྒྲོལ་མའི་ རྣམ་སྤྲུལ་ཨིནམ་སྦེ་ བཤད་སྲོལ་ཡོད་མི་ ཨ་ནེམོ་འོད་གསལ་ཆོས་སྒྲོན་གྱིས་ སྤྱི་ལོ་༡༩༥༩ ལུ་ གདན་ས་ཕྱག་བཏབ་གནང་ནུག་ཟེར་ སྐྱེས་ལོ་༣༥ ལང་མི་ ཨ་ནེམོ་ཆོས་བཟང་ལྷ་མོ་གིས་ བཤད་ཡོདཔ་ད་ མོ་ར་ ཨ་ནེམོ་འོད་གསལ་ཆོས་སྒྲོན་གྱི་ ཡང་སྲིད་ཨིན་པས།
ཨ་ནེམོ་སྤྲུལ་སྐུ་ ཆོས་བཟང་ལྷ་མོ་གིས་ འབད་བ་ཅིན་ ཨ་ནེམོ་སྐུ་ཚེ་གོང་མ་གིས་ དགོན་པ་དེ་ནང་ གདན་ས་བཅགས་གནང་སྟེ་ཞལ་སློབ་༢༥ དང་༣༠ གི་བར་ན་འབད་མི་ ཨ་ནེམོ་གི་སྡེ་ གཞི་བཙུགས་གནང་ནུག་ཟེར་ཨིནམ་ད་ དགོན་པའི་མིང་ འཇའ་ཤར་དགོན་པ་ཟེར་ བཏགས་མི་དེ་ཡང་ ཨ་ནེམོ་མོ་ར་ བསྟན་པ་དང་ འགྲོ་བ་མི་ཚུ་གི་ ཕན་ཐབས་ལུ་ གདན་ས་ཅིག་ ཕྱག་བཏབ་མཛད་ནིའི་དོན་ལས་ ཡོངས་ལ་དགོན་པའི་ལྟག་ལུ་ གངས་རི་དེ་ཁ་ལས་ སློབ་མ་ཚུ་ ས་ཁོངས་འཚོལ་བར་ བཏང་ནུག་ཟེར་ཨིན་པས།
དེ་བསྒང་ མོ་ར་ གངས་རི་དེ་ཁར་ སྒྲུབ་པ་གནང་སྟེ་ བཞུགས་ཡོདཔ་ད་ སློབ་མ་ཚུ་གིས་ ས་ཁོངས་འཚོལ་བར་སོང་སྟེ་ ད་ལྟོའི་དགོན་པ་དེ་ཁར་ལྷོདཔ་ད་ ས་ཆ་དགའ་ཏོག་ཏོ་ཅིག་མཐོངམ་ལས་ དུ་པ་བཏང་ཐོག་ལས་ ཨ་ནེམོ་འོད་གསལ་ཆོས་སྒྲོན་ལུ་ བརྡ་སྟོནམ་ད་ མོ་གིས་ གདན་ས་བཅག་ནིའི་ལུང་བསྟན་ དེ་ནང་འོང་ནི་མས་ཟེར་ ཐུགས་བཞེད་གནང་སྟེ་ བྱོན་ནུག་ཟེར་ཨིན་པས།
དེ་ལས་ ཨ་ནེམོ་མོ་ར་ ས་གནས་དེ་ཁར་ཕེབས་ད་ ནམ་མཁའ་ལས་ མེ་ཏོག་གི་ཆརཔ་རྐྱབ་ ཡོངས་ལ་དགོན་པའི་ལྟག་གི་ གངས་རི་ལས་ འཇའ་ཤར་མིའི་མཇུག་དེ་ ད་ལྟོའི་དགོན་པ་ཆགས་སར་ཕོགཔ་ལས་ གདན་ས་བཅགས་གནང་པའི་ཤུལ་ལས་ མིང་ཡང་ འཇའ་ཤར་དགོན་པ་ཟེར་ བཏགས་གནང་ནུག་ཟེར་ ཡང་སྲིད་ཀྱིས་ བཤདཔ་ཨིན་པས།
སྤྱི་ལོ་༡༨༡༢ ལུ་ སྐུ་འཁྲུངས་མི་ ཨ་ནེམོ་འོད་གསལ་ཆོས་སྒྲོན་དེ་ ཞིང་ཕེབས་པའི་ཤུལ་ལས་ དགོན་པ་དེ་ བཟོ་སྦལ་རྒེད་འོག་གི་ མི་སེར་ཚུ་གིས་ བདག་འཛིན་འབད་ཡོད་རུང་ སྤྱི་ལོ་༡༩༩༢ ལུ་ སྒྲུབ་བླ་རྒྱལ་མཚན་སྤྲུལ་སྐུ་ལུ་ ཕུལ་ཡོདཔ་ཨིན་པས།
ཡང་སྲིད་ཀྱིས་ བཤད་མིའི་ནང་ ད་རེས་ནངས་པར་ དགོན་པ་དེ་ནང་ ཨ་ནེམོ་ཞལ་གྲངས་༡༩ དང་ དགོན་པ་དེ་གི་ལྟག་ལུ་ཡོད་མི་ སྒྲུབ་སྡེའི་ནང་ ཨ་ནེམོ་༡༠ ཡོདཔ་བཞིན་དུ་ ཨ་ནེམོ་ཞལ་གྲངས་༢༥ ལུ་ གཞུང་གྲྭ་ཚང་ལས་ ལྟོ་ཕོགས་གནང་དོ་ཡོདཔ་ཨིན་རུང་ གཞན་དག་པ་ཅིག་གི་དོན་ལུ་ དད་ཅན་སྦྱིན་བདག་ཚུ་ལས་ རྒྱབ་སྐྱོར་འཚོལ་ཏེ་ ལྷན་ཐབས་འབད་དོ་ཟེར་ཨིན་པས།
ད་ལས་ཕར་ དགོན་པ་དེ་ནང་ བཤད་གྲྭ་ཅིག་ཡང་ གཞི་བཙུགས་འབད་ནི་ཨིནམ་ལས་ དེ་གི་དོན་ལུ་ ཆོས་ཚན་ཚུ་ཡང་ བཟོ་ཚར་ཡོདཔ་མ་ཚད་ མཐུན་རྐྱེན་གཞན་ཚུ་ཡང་ གྲ་སྒྲིག་སོང་ནུག་ཟེར་ ཞུ་ནི་ཨིན།

པདྨ་དགའ་ཚལ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ རྒྱལ་ཡོངས་མཁའ་འགྲུལ་ འབྲུག་ཨེ་ཡར་གྱིས་ བཀྲིས་སྒང་ཡོན་ཕུ་ལ་ནང་འཁོད་གནམ་ཐང་ནང་ འཕུར་འགྲུལ་བརྟག་དཔྱད་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ད་ སྤ་རོ་རྒྱལ་སྤྱི་གནམ་ཐང་ལས་ ཡོན་ཕུ་ལ་ཚུན་ གཞུང་འབྲེལ་ཐོག་ལས་ འཕུར་འགྲུལ་འབདཝ་ད་ དུས་ཡུན་སྐར་མ་༤༥ འགོར་དོ་ཡོདཔ་ཨིན་པས། ཡོན་ཕུ་ལའི་ འཕུར་འགྲུལ་ཞབས་ཏོག་ ལོག་འགོ་བཙུགས་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *