དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་།

རྒྱུན་སྐྱོང་ཟད་འགྲོ་འགབ་ཐབས་ལུ་ ཞི་གཡོག་པའི་ཐོབ་ལམ་ཚུ་ ཕར་འགྱངས་འབད་ནི།

༉ རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ རྒྱུན་སྐྱོང་གི་ཟད་འགྲོ་ཚུ་ ནང་འཁོད་ཐོན་ཁུངས་ཀྱིས་ འགབ་དགོཔ་ལས་ དེ་གི་དོན་ལུ་ གཞུང་གིས་ ནང་འཁོད་ཐོན་ཁུངས་དང་ དོ་མཉམ་བཟོ་ཐབས་ལུ་ རྩིས་ལོ་༢༠༢༠ དང་༢༠༢༡ གི་དོན་ལུ་ གནས་སྐབས་ཀྱི་ འཆར་དངུལ་སྲིད་བྱུས་བཟོ་ཐབས་ལུ་ ཞི་གཡོགཔ་ཚུ་གི་ ཐོབ་ཐངས་དག་པ་ཅིག་ གནས་སྐབས་ཅིག་གི་རིང་ ཕར་འགྱངས་འབད་ནི་ཨིན་པས།
དེ་ཡང་ ཁ་ཙ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཚོགས་ཁང་ནང་ རྩིས་ལོ་༢༠༢༠ དང་༢༠༢༡ ལོའི་ རྒྱལ་ཡོངས་འཆར་དངུལ་ སྙན་ཞུ་འབད་བའི་སྐབས་ལུ་བཤད་ཅི།
མ་དངུལ་དོ་མཉམ་བཟོ་ཐབས་ལུ་ རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ འགྲོ་འགྲུལ་གྱི་རིགས་ཚུ་ ཁུངས་ལྡན་བཟོ་ནི་དང་ གཡོག་ནང་ལས་ དགོངས་ཞུ་འགྱོ་ནིའི་ དུས་ཚོད་རན་མི་ཚུ་མ་གཏོགས་ གཞན་ཚུ་ལུ་ ངལ་གསོའི་དངུལ་སྒྱུར་གྱི་འཐུས་དེ་ རྩིས་ལོ་མཇུག་བསྡུ་ཁམས་ཚུན་ ཕར་འཕུལ་རྐྱབ་བཞག་ནི་ཟེར་ཞུ་ཡི།
དེ་ལས་ སྒེར་གྱི་སྒྲིང་ཁྱིམ་ཚུ་ གཞུང་གིས་ གླ་ཁར་ལེན་ནི་དེ་ཡང་ གནས་སྐབས་ཅིག་ བཀག་དམ་འབད་དེ་ བཞག་ནི་དང་ འཚོ་བའི་གནས་གོང་ལུ་བརྟེན་ དངུལ་ཕོགས་ཀྱི་བདེ་སྒྲིག་འབད་ནི་དེ་ཡང་ ཕར་འཕུལ་རྐྱབ་ཡོདཔ་ད་ ཞི་གཡོགཔ་ཚུ་ལུ་ གནས་སོར་འགྱོ་བའི་སྐབས་ དངུལ་གྱི་ཐོབ་ལམ་སྤྲོད་ནི་ཚུ་ཡང་ སྐབས་ཅིག་གི་རིང་ མཚམས་འཇོག་འབད་དེ་ བཞག་ནི་ཨིན་པས།
སྣུམ་འཁོར་ཐོབ་སྐལ་ཐོབ་མི་ཚུ་གིས་ དངུལ་སྒྱུར་ཐོག་ལས་ ལེན་མི་ཚུ་ཡང་ ཕར་འགྱངས་འབད་ནི་ཨིན་རུང་ ཤུལ་མའི་ཐོབ་ལམ་ལུ་ མི་གནོད་ཟེར་ དངུལ་རྩིས་བློན་པོ་གིས་ བཤད་ཡོདཔ་ད་ ཞི་གཡོགཔ་ཚུ་ གནས་སོར་གཏང་ནི་དེ་ མཚམས་འཇོག་འབདཝ་མེན་ཟེར་ཨིན་པས།
ཨིན་རུང་ རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ ལེགས་ཤོམ་འགྱོ་བ་ཅིན་ ཐོབ་ལམ་དེ་ཚུ་ བལྟ་ཞིནམ་ལས་ བྱིན་ནི་ཨིན་ཟེར་ དངུལ་རྩིས་བློན་པོ་གིས་ ཚོགས་ཁང་ནང་ཞུ་ཡི།
རྩིས་ལོ་༢༠༢༠ དང་༢༠༢༡ ལས་འགོ་བཟུང་ འཆར་དངུལ་ལས་སྡེ་ཚུ་ག་ར་ལུ་ རྒྱུན་སྐྱོང་གི་འཆར་དངུལ་ཚུ་ ལོ་བསྟར་བཞིན་དུ་ སྟབས་གཅིག་ཁར་ གནང་བྱིན་སྦེ་ སྤྲོད་ནི་ཨིན་མི་དེ་ གཞུང་གི་གཞི་བསྒྱུར་ གཙོ་བོ་ཅིག་ ཨིན་ཟེར་བཤད་ཅི།
གནང་བྱིན་མ་དངུལ་ནང་ ཐག་གཅད་རང་དབང་ཡོད་མི་དང་མེད་པའི་ ཟད་འགྲོ་སྦེ་དབྱེ་ཁག་༢ ནང་ ཚུདཔ་ཨིན་པས།
ཐག་གཅད་རང་དབང་མེད་མིའི་གྲངས་སུ་ དངུལ་ཕོགས་དང་ གླ་ཆ་ སྨན་བཅོས་ དེ་ལས་ ཁང་གླ་དང་ རྒྱལ་སྤྱིའི་ལས་ཚོགས་ཚུ་ནང་ འཛུལ་ཞུགས་ཀྱི་འཐུས་སྦེ་ ལག་ལེན་འཐབ་ནི་ཚུ་ ཚུདཔ་ཨིནམ་ད་ ཐག་གཅད་རང་དབང་ཡོད་མི་དེ་ ཡིག་ཚང་མཁོ་ཆས་དང་ མཐུན་རྐྱེན་ རྒྱུན་སྐྱོང་ དེ་ལས་ ལག་ལེན་ལ་སོགས་པའི་ ཟད་འགྲོ་གཞན་ཚུ་ ཚུདཔ་ཨིན་པས།
དེ་གི་དོན་ལུ་ རྒྱུན་སྐྱོང་ཟད་འགྲོ་ཚུ་ སྟབས་གཅིག་ལག་སྤྲོད་སྦེ་ དཔྱ་བགོ་བཞག་སྟེ་ཡོདཔ་ད་ གཞུང་གིས་ མ་དངུལ་ཚུ་ ཚུལ་ལྡན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ ལམ་སྟོན་ཅིག་ཡང་ བཀྲམ་སྤེལ་འབད་ནི་ཨིན་པས།
དངུལ་རྩིས་བློན་པོ་གིས་ འཆར་གཞི་༡༢ པ་དེ་ མགྱོགས་དྲགས་དང་ མདུན་སྐྱོད་ཐོག་ལས་འབད་ནིའི་ དམིགས་གཏད་ཨིནམ་ལས་ རྩིས་ལོ་དེ་ནང་ གསར་སྒྲུབ་ཟད་འགྲོ་ཡོངས་བསྡོམས་ལས་ བརྒྱ་ཆ་༣༡ དཔྱ་བགོ་རྐྱབ་ཡོད་མི་དེ་ འདས་པའི་འཆར་ལོ་ཚུ་དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིན་ཟེར་བཤད་ཅི།
དེ་ལས་ རྩིས་ལོ་དེ་ནང་ ནང་འཁོད་འོང་འབབ་ཀྱིས་ རྒྱུན་སྐྱོང་ཟད་འགྲོ་རྐྱངམ་གཅིག་ འགབ་ཚུགས་ནི་ཨིནམ་ལས་ གསར་སྒྲུབ་འཆར་དངུལ་གྱི་དོན་ལུ་ ཕྱིའི་གནང་བྱིན་དང་ ཡང་ན་ ཕྱི་ནང་གཉིས་ལས་ སྐྱེད་ཆུང་སྐྱིན་འགྲུལ་ཚུ་ ལག་ལེན་འཐབ་འོང་ཟེར་ཨིན་པས།
རྫོང་ཁག་དང་ ཁྲོམ་སྡེ་ཚུ་ལུ་ ད་ལས་ཕར་ ལོ་བསྟར་བཞིན་དུ་ གནང་བྱིན་སྦེ་ སྤྲོད་ནི་ཨིནམ་ད་ དེ་གིས་ ཧེ་མ་ རྫོང་ཁག་གོང་འཕེལ་གནང་བྱིན་སྦེ་ བྱིན་སྲོལ་ཡོད་མིའི་ འཕྲོ་རྒྱུན་ཆད་ནི་ཨིན་པས།
གནང་བྱིན་དེ་གིས་ རྩ་ཁྲིམས་ཆེན་མོའི་ནང་ ས་གནས་གཞུང་ལུ་ འཆར་དངུལ་ཚུ་ ལོ་བསྟར་གནང་བྱིན་སྦེ་ སྤྲོད་དགོ་པའི་དགོངས་དོན་ཡོད་མི་དེ་ འགྲུབ་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *