པདྨ་དགའ་ཚལ་ན་ནོང་-ཤུ་མར་གྱི་འཐུས་མི་ ལུང་བསྟན་རྣམ་རྒྱལ་གྱིས་ རྒྱལ་ཡོངས་ལས་མིའི་གླ་ཆ་ དངུལ་ཕོགས་བསྐྱར་བཟོའི་ སྙན་ཞུ་ནང་མེད་པའི་སྐོར་ གཞུང་ལུ་ དྲི་བ་ཞུ་བའི་བསྒང་།

རྒྱལ་ཡོངས་ལས་མིའི་ ཉིན་བསྟར་གླ་ཆ་ ཡར་སེང་འབད་ནིའི་ ལཱ་འབད་དོ་ཡོདཔ།

༉ གཞུང་གིས་ རྒྱལ་ཡོངས་ལས་མིའི་ ཉིན་བསྟར་གླ་ཆ་ ཡར་སེང་འབད་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
རྒྱལ་ཡོངས་ལས་མིའི་ ཉིན་བསྟར་གླ་ཆ་ ཡར་སེང་འབད་ནི་དེ་ གཞུང་གི་ཉིན་གྲངས་༡༢༠ གི་ ཁས་བླངས་གསལ་བསྒྲགས་ཚུ་གི་གྲས་ལས་༡ ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༤ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ ཞུ་མིའི་ནང་ རྒྱལ་ཡོངས་ལས་མི་ཚུ་གི་ ཉིན་བསྟར་གླ་ཆ་ཚུ་ཡང་ ལས་གཡོག་ལྷན་ཁག་དང་ གྲོས་བསྟུན་འབད་ཐོག་ལས་ ཡར་སེང་འབད་འོང་ཟེར་ཨིན་པས།
ད་ལྟོ་ རྒྱལ་ཡོངས་ལས་མིའི་གླ་ཆ་ ཉིནམ་རེ་ལུ་ དངུལ་ཀྲམ་༢༥༡ ལས་༣༥༠ གི་བར་ན་ཡོདཔ་ཨིན་པས།
པདྨ་དགའ་ཚལ་ན་ནོང་-ཤུ་མར་གྱི་འཐུས་མི་ ལུང་བསྟན་རྣམ་རྒྱལ་གྱིས་ ཞུ་མིའི་ནང་ ཚོགས་ཐེངས་དང་པ་འཚོགས་པའི་སྐབས་ བློན་ཆེན་གྱིས་ རྒྱལ་ཡོངས་ལས་མིའི་ ཉིན་བསྟར་གླ་ཆ་ ཡར་སེང་དེ་ དངུལ་ཕོགས་བསྐྱར་ཞིབ་ནང་ ཚུད་འོང་ཟེར་ གསུངས་ཡོད་རུང་ ད་རིས་ དེ་ནང་ མ་ཚུད་པས་ཟེར་ཨིན་པས།
ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ དངུལ་ཕོགས་ལྷན་ཚོགས་ཀྱི་ སྙན་ཞུ་ནང་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་རྐྱངམ་གཅིག་ཚུད་ཡོད་ཟེར་ཡོདཔ་ད་ གལ་སྲིད་ དེ་ནང་ཚུད་དགོ་པ་ཅིན་ ལས་གཡོག་ལྷན་ཁག་གི་ འགོ་འདྲེན་འཐབ་ཐོག་ལས་ བཟོ་དགོ་པས་ཟེར་ཞུ་ཡི།
དངུལ་ཕོགས་ལྷན་ཚོགས་ཀྱི་ སྙན་ཞུ་དེ་ཡང་ གཞུང་གིས་ བསྐྱར་ཞིབ་མཛད་ཡོདཔ་ལས་ འཕྲལ་མགྱོགས་ར་ དངུལ་རྩིས་བློན་པོ་གིས་ ཚོགས་ཁང་ནང་ གསལ་ཞུ་འབད་འོང་ཟེར་ ཕྱི་འབྲེལ་བློན་པོ་གིས་ ཞུ་བའི་ཁར་ གཞུང་གིས་ དེ་བཟུམ་མའི་ ཁས་བླངས་འབད་མི་ གཙོ་བོ་ར་ དངུལ་ཕོགས་ཉུང་ཤོས་ཐོབ་མི་ ཞི་གཡོགཔ་ཚུ་གི་ ཉིན་བསྟར་གླ་ཆ་ དངུལ་ཀྲམ་༤༥༠ དེ་ཅིག་ ཐོབ་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་དམིགས་ཏེ་ཨིན་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ད་རེས་ རྒྱབ་སྐྱོར་ལས་བྱེདཔ་ ཨི་ཨེསི་པི་སྡེ་རིམ་ནང་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༧,༠༠༠-༨,༠༠༠ གི་བར་ན་ ཐོབ་མི་དེ་ ཉིནམ་རེ་ལུ་ དངུལ་ཀྲམ་༤༥༠ རྩིས་རྐྱབ་ཐོག་ལས་ དངུལ་ཀྲམ་༡༣,༥༠༠-༡༤,༠༠༠ ཚུན་ ཡར་སེང་འབད་ནི་གི་ གྲོས་འཆར་བཟོ་སྟེ་ ཡོད་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གསར་སྤང་རྫོང་ སྤྱི་ལོ་༢༠༢༣ ལུ་ བསྒྲུབ་མི་ཚུགས་ནི་བཟུམ་ཡོདཔ།

༉ གསར་སྤང་རྫོང་གསར་བཞེངས་ཀྱི་ལཱ་ནང་ ལས་མི་ལངམ་མེདཔ་ལས་ ཐོགས་ལུས་ཏེ་ཡོདཔ་ཨིན་པས། དེ་ཡང་ རྒྱ་གར་གྱི་ལས་མི་ ལག་རྩལ་ཅན་ཚུ་ ས་མཚམས་སྒོ་ར་བསྡམས་ཞིནམ་ལས་ཚུར་ ནང་ན་ལེན་མ་ཚུགས་པའི་ཁར་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་འོང་མི་ ལས་མི་ཚུ་ཡང་ ཞིང་ལཱ་འབད་བར་ ལོག་ཁྱིམ་ནང་ སོང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *