རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱིས་ རྩ་གཞུང་ནང་ རང་བཞིན་གནས་སྟངས་སྐོར་ལས་བཙུགས་ཡོདཔ།

༉ སློབ་ཕྲུག་ཚུ་གིས་ རང་བཞིན་གནས་སྟངས་དང་འབྲེལ་བའི་ དབྱེ་དཔྱད་འབད་ནི་དང་ བདག་དབང་དང་འགན་ཁུར་འབག་ ཐོག་ལས་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་གིས་ འཛམ་གླིང་ རང་བཞིན་གནས་སྟངས་ཀྱི་ཉིནམ་ལུ་ ཤེས་ཡོན་དོན་ལུ་ ལྷབ་སྦྱང་གི་མཐུན་རྐྱེན་ འགོ་འབྱེད་འབད་ཡོདཔ་ཨིན་པས།

མཐུན་རྐྱེན་ཚུ་ཡང་ འཛམ་གླིང་སྤྱི་ཚོགས་རང་བཞིན་གནས་སྟངས་འཕྲུལ་རིག་ལྟེ་བ་དང་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་གིས་ ཇ་པཱན་དང་ འབྲུག་གཞུང་གིས་ གྲོགས་རམ་ཐོག་ལས་ བློ་གསར་དང་ སློབ་གྲྭ་ཆུང་བ་ དེ་ལས་ འབྲིང་རིམ་སློབ་གྲྭ་བར་མ་ཚུ་ནང་གི་ ཨ་ལོ་ཚུ་གིས་ རང་བཞིན་གནས་སྟངས་དང་འབྲེལ་བའི་ གནད་དོན་ཚུ་ལུ་ ཧ་གོ་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་དྲུང་ཆེན་ བསོད་ནམས་པི་དབང་འདུས་ཀྱིས་ བཤད་མིའི་ནང་ རྒྱལ་ཡོངས་ཕྱགས་སྙིགས་འཛིན་སྐྱོང་ཐབས་བྱུས་༢༠༡༩ ཅན་མ་གིས་ འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་༢༠༣༠ལས་ ཕྱགས་སྙིགས་རྩ་མེད་བཏང་ ནིའི་ དམིགས་གཏད་ཡོད་མི་ལུ་ གདོང་ལེན་ཅིག་ མི་མང་ལུ་ ཕྱགས་སྙིགས་ཀྱི་ གོ་བརྡ་ཉུང་བའི་ སྐྱོན་ཡོདཔ་སྦེ་ མཐོང་ནུག་ཟེར་ཨིན་པས།

དེ་འབདཝ་ལས་ ཕྱགས་སྙིགས་འཛིན་སྐྱོང་དེ་ མཐར་འཁྱོལ་ཅན་ འགྱོ་དགོ་པ་ཅིན་ མི་གི་བྱ་སྤྱོད་ལུ་ བསྒྱུར་བ་བཟོ་དགོཔ་ལས་ ཤེས་རིག་གི་གཙུག་སྡེ་ཚུ་ གྲལ་གཏོགས་འབད་ནི་དེ་ ཁག་ཆེ་བས་ཟེར་ཨིན་པས།

བསོད་ནམས་པི་དབང་འདུས་ཀྱིས་ སླབ་མིའི་ནང་ རང་བཞིན་གྱི་སྐོར་ལས་ ཤེས་དགོ་ནི་དེ་ ཁག་ཆེཝ་ལས་ བསྐྱར་བཟོ་འབད་མི་ སློབ་རིམ་༤ པ་ལས་༨ པའི་ ཚན་རིག་ཆོས་ཚན་གྱི་རྩ་གཞུང་ནང་ བཙུགས་ཏེ་ཡོད་མི་དེ་ སང་ཕོད་ཀྱི་ ལོ་ནང་ལས་ འགོ་བཙུགས་ནི་ཨིན་པས།

དེ་གིས་ ན་གཞོན་ཚུ་གིས་ ཕྱགས་སྙིགས་འཛིན་སྐྱོང་སྐོར་ལས་ ཧ་གོ་ཚུགས་པའི་ཁར་ སློབ་དཔོན་ཚུ་གིས་ སློབ་ཁང་ནང་ དམིགས་དོན་ཚུ་ ཁ་གསལ་སྦེ་བཟོ་སྟེ་ སློབ་སྟོན་འབད་དགོ་ནི་ཨིན་པས།

རྩ་གཞུང་གསརཔ་དེ་གིས་ སློབ་ཕྲུག་ཚུ་གིས་ སློབ་ཁང་ནང་སྡོད་དེ་ འཛམ་གླིང་ནང་གི་ མཐོང་སྣང་ཚུ་གི་ཐོག་ལས་ ཉམས་མྱོང་འཐོབ་ཚུགས་ནི་ཨིནམ་ད་ སློབ་དཔོན་ཚུ་གིས་ དགོས་མཁོ་དང་འཁྲིལ་ ཕྱགས་སྙིགས་འཛིན་སྐྱོང་སྐོར་ལས་ གྲོས་བསྡུར་ཚུ་ འབད་བཅུག་ནི་ཨིན་པས།

དཔེ་དེབ་དེ་གིས་ སློབ་ཕྲུག་ཚུ་གིས་ གྲོས་བསྡུར་དང་ སྦྱོང་ལཱ་ཚུ་འབད་དེ་ ཕྱགས་སྙིན་ཡུན་བརྟན་དང་ མཐུན་རྐྱེན་འཛིན་སྐྱོང་ འབད་ནི་ཚུ་གི་སྐོར་ལས་ གཏིང་ཟབ་སྦེ་ ཧ་གོ་ཚུགས་ནི་ཨིན་པས།

རང་བཞིན་གནས་སྟངས་ལྷན་ཚོགས་དྲུང་ཆེན་ཡིག་ཚང་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ དཔེ་དེབ་གསརཔ་དེ་གིས་ སློབ་གྲྭ་ཆུང་བའི་ སློབ་དཔོན་ཚུ་གིས་ རྩ་གཞུང་གསརཔ་དེ་ནང་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

དཔེ་དེབ་དེ་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་དང་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་གི་ ཡོངས་འབྲེལ་ནང་ལས་ཡང་ འཐོབ་ཚུགས་ནི་ཨིན་པས།

འགོ་དཔོན་ཚུ་དང་འཁྲིལཝ་ད་ དཔེ་དེབ་དེ་ དཔེ་མཛོད་ཁང་དང་ གྲྭ་ཚང་གི་གཙུག་སྡེ་ ཨ་ནེམོ་གི་སྒོམ་སྡེ་ དེ་ལས་ གཞན་ཡང་ ཤེས་རིག་གཙུག་སྡེ་ཚུ་ནང་ཡང་ བཀྲམ་སྤེལ་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *